སྤ་རོ་རྫོང་ཁག་ནང་ ཁ་ཚ་རྐང་ནད་ རྒྱ་ཆེ་དྲགས་སྦེ་ར་ ཁྱབ་སྤེལ་སོང་ཡོདཔ།

༉ སྤ་རོ་རྫོང་ཁག་གི་ རྒེད་འོག་༡༠ གྱི་གྲས་ལས་ རྒེད་འོག་༧ ནང་ ཁ་ཚ་རྐང་ནད་ དར་ཁྱབ་སོང་ཡོདཔ་ལས་ བཀག་ཐབས་འབད་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
ད་ལྟོ་ སྒོ་ནོར་འགོ་དཔོན་ཚུ་གིས་ ས་ཁ་མཐོ་སའི་ས་གནས་ གཡག་རྩ་དང་ ནུབ་རི་ལུ་ཡོད་མི་ ལ་ཁའི་སེམས་ཅན་ཚུ་ལུ་ ཁྱབ་སྤེལ་འགྱོ་མི་བཅུག་ནིའི་དོན་ལས་ བཀག་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ཨིན་པས།
དེའི་དོན་ལུ་ འབྲུག་བཟའ་ཆས་དང་ཁྲིམས་དོན་དབང་འཛིན་གྱི་ ནོར་སེམས་ཅན་ཚུ་ འགྲོ་འགྲུལ་འབད་ནི་ལས་ བཀག་ཆ་འབད་ཐབས་ལུ་ དགུང་ཉི་རྩ་བ་ལུ་ ལྟ་རྟོག་འགོ་དཔོན་༢ བཙུགས་ཡོདཔ་ད་ ནུབ་རི་དང་ གཡག་རྩ་དེ་ སྤ་རོ་རྫོང་ཁག་གི་ ས་ཁ་མཐོ་སར་སྡོད་མི་ཚུ་གི་ རྩྭ་འབྲོག་སྦོམ་ཤོས་ཅིག་ཨིན་པས།
ནུབ་རི་དང་ གཡག་རྩ་ལུ་ བསྡོམས་ཀྱིས་གཡག་༣༠༠༠ དེ་ཅིག་ཡོདཔ་ད་ དེ་ནང་ ད་ལྟོ་ ནད་གཞི་དེ་ དར་ཁྱབ་མ་འགྱོ་བར་ཡོདཔ་ཨིན་རུང་ གཡུས་ཁའི་ནོར་ཚུ་ ག་ལྷོད་བཏང་བཞག་མི་དེ་གིས་ རི་དྭགས་སེམས་ཅན་བརྒྱུད་དེ་ ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
སྒོ་ནོར་འགོ་དཔོན་ ཌོག་ཊར་ བརྩོན་འགྲུས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནད་གཞི་དེ་ རྒེད་འོག་མང་ཤོས་ནང་ དར་ཁྱབ་སོང་སྟེ་འབད་རུང་ ཚ་གྱང་ལང་དགོཔ་མེད་ཟེར་ཨིནམ་ད་ དེ་ཡང་ རྫོང་ཁག་གཞན་ཚུ་ནང་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཆ་འབད་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞན་ཁར་དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་ལུ་ ས་གནས་ཁག་ཚུ་ནང་ལས་ཕར་ ལྟ་རྟོག་འབད་མི་དང་ ཞིབ་དཔྱོད་པ་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
རྫོང་ཁག་ནང་ དར་ཁྱབ་སྦོམ་སོང་མི་དེ་ཡང་ གཙོ་བོ་ར་ རྒེད་འོག་གི་མི་ཚུ་གིས་ ནོར་སེམས་ཅན་ཚུ་ རྩྭ་ཁར་ ག་ལྷོད་བཏང་བཞག་དོ་ཡོདཔ་ལས་ དེ་གིས་ ཁྱབ་སྤེལ་མངམ་འགྱོ་དོ་ཡོད་རུང་ བཀག་ཐབས་འབད་མི་ཚུ་ལུ་ གདོང་ལེན་སྦོམ་བྱིན་ཏེ་ཡོདཔ་ཨིན་པས།
དེ་མ་ཚད་ སོ་ནམ་པ་ཚུ་གིས་ སྨན་ཁབ་བཙུགས་པའི་ཤུལ་ལས་ ཨོམ་གྱི་ཐོན་སྐྱེད་ མར་འབབ་འགྱོཝ་མས་ཟེར་བའི་ མནོ་བསམ་བཏང་ནི་དེ་གིས་ སྨན་ཁབ་བཙུགས་པར་འོང་རུང་ ཇོ་བདག་ཚུ་གིས་ བཙུགས་མ་བཅུག་པར་ བཞག་ནི་དེ་གིས་ཡང་ཨིན་པས།
རྫོང་ཁག་གི་སྙན་ཞུ་དང་འཁྲིཝ་ད་ དུས་ཅི་གི་ལོ་ནང་ རྫོང་ཁག་གི་ནོར་བརྒྱ་ཆ་༢༠ དེ་ཅིག་ལུ་ ཇོ་བདག་ཚུ་གིས་ སྨན་ཁབ་མ་བཙུགས་པར་ བཞག་ནུག་ཟེར་ཨིནམ་ད་ ཇོ་བདག་ལ་ལོ་གིས་ ནད་གཞི་ཐོབ་སྟེ་ཡོད་རུང་ ལཱ་ཁག་སྦེ་ འགོ་དཔོན་ཚུ་ལས་ གསང་བཞག་མི་ཡང་འདུག་ཟེར་ འགོ་དཔོན་ཚུ་གིས་བཤད་ཅི།
ཌོག་ཊར་ བརྩོན་འགྲུས་རྡོ་རྗེ་གིས་ སླབ་མིའི་ནང་ མི་ཚུ་གིས་ སྨན་ཁབ་བཙུགས་མི་དེ་གིས་ ཨོམ་གྱི་ཐོན་སྐྱེད་མར་འབབ་ འགྱོ་འོང་ཟེར་མི་དེ་ མི་བདེན་ཟེར་ཨིནམ་ད་ རྫོང་ཁག་ཐོན་སྐྱེད་འགོ་དཔོན་ ཀུན་ལེགས་རིན་ཆེན་གྱིས་ཡང་ ཚན་རིག་བརྟག་དཔྱད་འབད་མི་ཚུ་གིས་འབད་རུང་ སྨན་ཁབ་ཀྱིས་ ཨོམ་གྱི་ཐོན་སྐྱེད་ མར་འབབ་འགྱོ་བའི་སྐོར་ལས་ མིན་འདུག་ཟེར་བཤད་ཅི།
ཁོ་གིས་ ང་བཅས་མི་ཚུ་ལུ་ སྨན་ཁབ་བཙུགས་པའི་སྐབས་ འཕྲལ་འཕྲལ་ རྩ་གུ་ཕོགཔ་ད་ གཟུགས་སྦོ་དོ་ཡོད་རུང་ ཤུལ་ལས་དྲག་དོ་བཟུམ་སྦེ་ ནོར་ཚུ་ལུ་ཡང་ དེ་བཟུམ་མའི་ དཀའ་ངལ་ཐོན་དོ་ཡོད་རུང་ སྨན་ཁབ་ཁོ་ར་གིས་ ཨོམ་གྱི་ཐོན་སྐྱེད་ མར་འབབ་མི་འགྱོ་ཟེར་བཤད་ཅི།
ད་ལྟོའི་དུས་ཚོད་ནང་འབད་བ་ཅིན་ སྤ་རོ་ལུང་གཤོང་ནང་ ཨོམ་བཞོ་ནི་ཡོད་མི་ ནོར་ཚུ་མ་གཏོགས་ གཞན་ནོར་ཚུ་ག་ར་ རྩྭ་ཁར་བཏང་བཞག་དོ་ཡོདཔ་ལས་ དེ་གིས་ ཁྱབ་སྤེལ་མགྱོགས་པར་ འགྱོ་དོ་ཡོདཔ་ཨིན་པས།
བཙན་ཏོག་རྒེད་འོག་གི་དམངས་མི་ བཙན་སྐྱོགས་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ནོར་ཚུ་ ལོག་བསྡུ་ཚུགས་ནི་དེ་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།
ད་ལྟོ་ ནཱ་རྒྱ་དང་ རྡོ་གར་ དེ་ལས་ ཤར་པ་རྒེད་འོག་༣ ནང་མ་གཏོགས་ གཞན་རྒེད་འོག་ག་རའི་ནང་ དར་ཁྱབ་སོང་སྟེ་ཡོདཔ་ད་ གཞན་རྫོང་ཁག་ནང་ དར་ཁྱབ་མ་འགྱོ་བར་ བཞག་ཐབས་ལུ་ ཐིམ་ཕུག་དང་ ཧཱ་རྫོང་ཁག་འོག་གི་ ནོར་ཚུ་ཡང་ སྨན་ཁབ་བཙུགས་ཚར་ཡོདཔ་མ་ཚད་ གོ་བརྡའི་ལས་རིམ་ཚུ་ཡང་ སྤྲོད་བཞིན་དུ་ཡོདཔ་ཨིན་པས།
ནད་གཞི་དེ་ལུ་བརྟེན་ ཤི་མི་ནོར་ཚུ་ ས་དོང་ནང་བཙུགས་དགོཔ་སྦེ་ གོ་བརྡ་ག་དེམ་ཅིག་སྤྲོད་རུང་ མི་ཚུ་གིས་ སྤ་ཆུ་ནང་ བཀོག་བཏང་དོ་ཡོདཔ་ད་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ ནད་གཞི་དེ་ལུ་བརྟེན་ཤི་མི་ བོའུ་ཅུང་གི་རོ་དག་པ་ཅིག་ སྤ་ཆུ་ནང་ལས་ བཏོན་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་འབད་བ་ཅིན་ ནད་གཞི་ཚུ་ མ་ལྷོད་པའི་རྒེད་འོག་ཚུ་ནང་ཡང་ དར་ཁྱབ་འགྱོ་ནི་གི་ ཉེན་ཁ་སྦོམ་ཡོད་མི་དེ་ཡང་ ནོར་སེམས་ཅན་ཚུ་གིས་ སྤ་ཆུ་ནང་ལས་ འཐུང་ནི་དེ་གིས་ཨིན་པས།
ཤར་པ་དང་ དབུས་སུ་ དེ་ལས་ རྡོ་གར་རྒེད་འོག་གི་ སེམས་ཅན་ཚུ་ཡང་ རྩྭ་ཁར་བཏང་བཞག་དོ་ཡོདཔ་ལས་ གཙང་ཆུ་དེ་ནང་ལས་ འཐུང་དོ་ཡོདཔ་ལས་ ནད་གཞི་འཐོབ་ནིའི་ ཚ་གྱང་འབག་སྟེ་ མི་སེར་ཚུ་གིས་ ཉོགས་བཤད་ཚུ་ཡང་ བཀོད་མི་ཐོན་ཡི་ཟེར་ འགོ་དཔོན་ཚུ་གིས་བཤད་ཅི།
ནད་གཞི་དེ་ བཀག་ཐབས་འབད་ནིའི་དོན་ལུ་ འབྲེལ་བ་ཡོད་པའི་ཡིག་ཚང་ཚུ་ནང་ལས་ འགོ་དཔོན་༤༠ དེ་ཅིག་ བཙུགས་ཏེ་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༢ ལུ་ བཙན་ཏོག་རྒེད་འོག་གི་ ཟམ་ཁ་གཡུས་ཚན་ནང་ གོ་བརྡ་སྤྲོད་པའི་སྐབས་ འགོ་དཔོན་ཚུ་གིས་ མི་སེར་ཚུ་ལུ་ དཀའ་ངལ་ཐོན་རུང་ བདུན་ཕྲག་དག་པ་ཅིག་གི་རིང་ ཁོང་རའི་ནོར་ཚུ་ ཁྱིམ་གྱི་སྦོ་ལོགས་ཁར་ལས་ཕར་ བཞག་དགོཔ་སྦེ་ སླབ་ཅི།
དེ་ཡང་ གཡུས་ཚན་དེ་ ས་ཁ་མཐོ་ས་ གཡག་རྩ་དང་ ནུབ་རི་འགྱོ་སའི་ ལམ་ཁར་འབད་ནི་དེ་གིས་ ལ་ཁ་ལུ་ དར་ཁྱབ་འགྱོ་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་པས།
ཟམ་ཁ་ལས་ ལྷ་མོ་ཚེ་རིང་གིས་ མོ་རའི་ནོར་ཚུ་ག་ར་ ཁྱིམ་གྱི་སྦོ་ལོགས་ཁར་ བཞག་དོ་ཡོད་རུང་ རྒེད་འོག་གཞན་ཚུ་ནང་ལས་ བཏང་མི་ཚུ་འོང་མི་ལས་ ནད་གཞི་དེ་ འཐོབ་ནིའི་ཉེན་ཁ་འདུག་ཟེར་ བཤད་ཅི།
ད་ཚུན་ འགོ་དཔོན་ཚུ་གིས་ རྫོང་ཁག་ནང་ ནད་གཞི་ཐོབ་མི་སེམས་ཅན་༧༠༠ དེ་ཅིག་ སྨན་བཅོས་འབད་ཡོདཔ་ད་ ཌོག་ཊར་ བརྩོན་འགྲུས་རྡོ་རྗེ་གིས་ སྨན་ཁབ་བཙུགས་མི་ནོར་ཚུ་ཡང་ ནད་གཞི་དེ་ འཐོབ་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
འབྲུག་བཟའ་ཆས་དང་ཁྲིམས་དོན་དབང་འཛིན་གྱི་ ལྟ་རྟོག་པ་ ཨོ་རྒྱན་ཆོས་སྒྲོན་གྱིས་ ཟམ་ཁའི་མི་སེར་ཚུ་ལུ་ ནད་གཞི་ཐོབ་མིའི་ ས་ཁོངས་ནང་སོང་སྟེ་ ལོག་ཁྱིམ་ནང་ལྷོདཔ་ད་ རྐང་ལག་ཚུ་ ཆུ་འཁྱུ་དགོ་ཟེར་བཤད་ཅི།
ནད་གཞི་ཐོབ་མི་ ས་ཁོངས་ཚུ་ནང་ལས་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༥༠༠༠ ལྷགཔ་རེ་ བཙོང་མ་ཚུགས་པར་ ལུས་ཏེ་ཡོདཔ་ད་ ཌོག་ཊར་གྱིས་ ནད་གཞི་དེ་ བཀག་ཐབས་འབད་ཚུགས་ནི་ལུ་ ད་རུང་ བདུན་ཕྲག་དག་པ་ཅིག་ འགོར་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

སྤ་རོ་ལས་ བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *