སྤ་རོ་རྫོང་ཁག་གི་ རྩེད་རིགས་ཚོགས་པའི་སྡེ་ཚན་གྱིས་ རྒྱལ་རྟགས་ལེན་པའི་བསྒང་།

སྤ་རོ་རྫོང་ཁག་གི་ རྩེད་རིགས་ཚོགས་པའི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༉ རྒྱལ་ཡོངས་གནས་ཚད་ཀྱི་ ནོ་ཨའུཊི་ཀམ་ལིག་ བོ་ལི་བཱོལ་རྩེད་འགྲན་ ཐེངས་༢ པའི་ནང་ སྤ་རོ་རྫོང་ཁག་གི་ རྩེད་རིགས་ཚོགས་པའི་ སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།

ཁ་ཙ་ ཐིམ་ཕུག་ ལྕང་གླིང་མི་ཐང་ནང་སྦེ་ རྩི་རང་རྩེད་རིགས་ཚོགས་པའི་བར་ན་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ སྤ་རོ་རྫོང་ཁག་གིས་ རྒྱལ་ཁ་འཐོབ་ནི་ལུ་ སྐོར་ཐེངས་༥ རྩེད་འགྲན་འབད་དགོཔ་ཡོད་མི་ལས་ སྐུགས་༣ སྦྱེལཝ་སྦྱེལ་སར་ ཆོད་མི་ལུ་བརྟེན་ སྤྱི་ལོ་༢༠༡༧ གྱི་ བོ་ལི་བཱོལ་རྩེད་འགྲན་ནང་ལས་ དྲག་ཤོས་ཀྱི་ མིང་གཏམ་ཐོབ་ཅི།
མ་གཞི་ སྡེ་ཚན་གཞན་མི་གིས་ སྐོར་ཐེངས་དང་པའི་ནང་ དོན་འགྲན་ཅན་སྦེ་ རྩེད་འགྲན་འབད་ཡོད་རུང་ སྐོར་ཐེངས་༢ པ་ལས་ ལེགས་ཤོམ་ཅིག་སྦེ་ རྩེད་མ་ཚུགས་པར་ སྐུགས་ཅིག་ཡང་ ཆོད་མ་ཚུགས་པར་ ཕམ་སོ་ཡི།
རྩི་རང་སྡེ་ཚན་གྱི་ དོ་དམ་པ་ བྷུ་དི་མཱན་གྱིས་ སླབ་མིའི་ནང་ ན་ཧིང་ ཁོ་གི་ སྡེ་ཚན་དེ་གིས་ ཨང་དང་པ་ཐོན་ཡི་ཟེར་ཨིནམ་ད་ ཨིན་རུང་ དུས་ཅི་ཡང་ འཐོབ་ནི་གི་ རེ་བསྐྱེད་དེ་ ག་དེམ་ཅིག་ རྩ་འགེངས་ཏེ་རྐྱབ་རུང་ རྩ་ལས་འབད་ མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་རའི་ སྡེ་ཚན་གྱིས་ སྐོར་ཐེངས་དང་པའི་ནང་ རྩེད་འགྲན་ལེགས་ཤོམ་འབད་ཡོད་རུང་ སྐོར་ཐེངས་༢ པའི་ནང་ བྱང་ཕྱད་སྒྲིང་སྒྲི་ཡོད་ནི་དེ་གིས་ སྐུགས་ཉུང་སུ་ཅིག་ལས་བརྒལ་ ཐོབ་མ་ཚུགསཔ་ལས་ རྩེད་འགྲན་པ་ག་ར་ སེམས་ཤི་སྟེ་ རྩེད་འགྲན་ལེགས་ཤོམ་འབད་མ་ཚུགས་ཟེར་ཨིན་པས།
རྩེད་འགྲན་ནང་ ལྟདམོ་བལྟ་མི་ བརྒྱ་ལས་བཅད་དེ་ འཛོམས་འབད་ཡོདཔ་བཞིན་དུ་ ཁོང་གིས་འབད་བ་ཅིན་ མ་གཞི་ རྩི་རང་རྫོང་ཁག་གིས་ མཐའ་བཅད་འོག་མའི་ནང་ རྩེད་འགྲན་ལེགས་ཤོམ་སྦེ་ རྩེད་ཡོད་རུང་ མཐའ་བཅད་ནང་ སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ བདག་མེད་སྦེ་ རྩེད་མི་ལུ་བརྟེན་ སྐུགས་གཅིག་ཡང་ ཆོད་ཚུགས་པར་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།
འབྲུག་བོ་ལི་བཱོལ་ཚོགས་པའི་ སློབ་སྟོན་པ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ རྩེད་རིགས་དེ་ གོང་འཕེལ་གཏང་ནི་དང་ ལམ་ལུགས་གསརཔ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལུ་ རྩེད་འགྲན་དེ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཉིན་གྲངས་༣ གྱི་ རྩེད་འགྲན་ནང་ འབྲུག་བཱོལ་ལི་བཱོལ་ཚོགས་པའི་འོག་ལུ་ རྫོང་ཁག་རྩེད་རིགས་ཚོགས་པ་༡༤ ཡོད་མིའི་གྲས་ལས་ སྤ་རོ་དང་ བཀྲིས་སྒང་རྩེད་རིགས་ཚོགས་པ་དང་ དབང་འདུས་ཕོ་བྲང་ རྩི་རང་རྩེད་རིགས་ཚོགས་པ་བརྩིས་ཏེ རྫོང་ཁག་༡༠ གྱིས་ བཅམ་མར་གཏོགས་མི་དེ་ ན་ཧིང་དང་ཕྱདཔ་ད་ སྡེ་ཚན་༣ ཡར་སེང་སོང་ཡོདཔ་བཞིན་དུ་ རྒྱལ་ཡོངས་གནས་ཚད་ནང་ བོ་ལི་བཱོལ་འགྲན་བསྡུར་དེ་ཡང་ སྤྱི་ལོ་༢༠༡༦ ལས་ འགོ་བཙུགས་ནུག།
ལས་རིམ་དེ་ ཊི་སི་ ཊེ་རེ་ཌར་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༣༠,༠༠༠ དང་གཅིག་ཁར་ ལག་ཁྱེར་དང་རྒྱལ་རྟགས་ཚུ་ བྱིན་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *