ཆརཔ་ཟིམ་ཟིམ་རྐྱབ་མིའི་ནང་ གིང་ཆེན་གྱི་ གཏེར་འཆམ་སྤྱན་འབུལ་ཞུ་བའི་བསྒང་།

སྤ་རོ་ཆུ་བྱག་ཁ་ལུ་ སྤྲེལ་ཟླ་ཚེས་བཅུ་བརྩི་སྲུང་སྐབས་ གཏེར་འཆམ་བྱིན་ཅན་ཚུ་ སྤྱན་འབུལ་ཞུ་ཡོདཔ།

༉ རང་ཟླ་༥ པའི་ཚེས་༡༠ ལུ་ སྤ་རོ་ཆུ་བྱག་ཁ་ དཔལ་རི་ཆོས་གླིང་དགོན་པའི་ ལོ་བསྟར་སྤྲེལ་ཟླ་ཚེས་བཅུ་ བརྩི་སྲུང་ཞུ་སར་ ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ བྱོན་གནང་ཡོདཔ་མ་ཚད་ ཐིམ་ཕུག་དང་ སྤ་རོ་ དབང་འདུས་ཕོ་བྲང་ཚུ་ལས་ དད་ཅན་བརྒྱ་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ནུག།
དགོན་པ་དེ་གི་ དགེ་སློང་ཚུ་གིས་ དགྲ་མེད་རྩེ་རྔ་འཆམ་དང་ གུ་རུ་རིན་པོ་ཆེའི་ཐུགས་སྲས་ གཏེར་སྟོན་གྱི་ རྒྱལ་པོ་ལྔའི་གྲས་ལས་ རིག་འཛིན་ཆེན་པོ་ གཏེར་སྟོན་པདྨ་གླིང་པའི་ གཏེར་འཆམ་བྱིན་ཅན་ གིང་ཆེན་གྱིས་གཙོས་པའི་ པད་གླིང་གིང་གསུམ་དང་ གཏེར་འཆམ་གཞན་ཚུ་ སྤྱན་འབུལ་ཞུ་ཡོདཔ་ད་ དེ་བསྒང་ ཆརཔ་ཟིམ་ཟིམ་སྦེ་ རྐྱབ་ཡོད་རུང་ གར་འཆམ་དང་ རང་ལུགས་ཀྱི་ གླུ་གར་གྱི་མཆོད་པ་ཚུ་ ཕུལ་ནི་ལུ་ བར་ཆད་མེད་པར་ ལེགས་ཤོམ་སྦེ་ར་ སྤྱན་འབུལ་ཞུ་ཚུགས་ཡོདཔ་ཨིན་པས།
གཏེར་འཆམ་གིང་ཆེན་དེ་ པད་གླིང་གདུང་བརྒྱུད་ཀྱི་ གདན་ས་ཅིག་ཨིན་མི་ མོང་སྒར་དགྲ་མེད་རྩེ་ལུ་མ་གཏོགས་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ སྤྱན་འབུལ་ཞུ་ནི་མེདཔ་ཨིན་རུང་ ཆུ་བྱག་ཁ་ལུ་ ན་ཧིང་ལས་ སྲོལ་བཙུགས་ཡོདཔ་ཨིན་པས།
གིང་ཆེན་དེ་ གཏེར་འཆམ་ཚུ་གི་གྲས་ལས་ ཟབ་གཏེར་དང་ གསང་གཏེར་རྩ་ཅན་ཅིག་སྦེ་ ཆ་བཞག་མི་དེ་ཡང་ དུས་རབས་༡༥ པའི་ནང་ གཏེར་སྟོན་པདྨ་གླིང་པ་གིས་ བུམ་ཐང་རྩེ་ལུང་ལྷ་ཁང་ཟེར་ ཡོངས་གྲགས་ལུ་ དཀོན་མཆོག་གསུམ་ལྷ་ཁང་ཟེར་ཞུ་མི་ནང་ལས་ གདན་འདྲེན་ཞུ་མི ཟབ་གཏེར་བཀའ་བརྒྱད་ཡང་གསང་བའི་ ཐུགས་ཀྱི་མེ་ལོང་གི་ ཆོས་སྡེ་ནང་ལས་བྱོན་པའི་ མ་ཏྲྃ་བསྒྲལ་བ་ མ་རུང་པའི་དགྲ་བོ་བསྒྲལ་བའི་ གིང་འཆམ་ཟེར་ བླ་མ་བརྒྱུད་པའི་ ཕྱག་བཞེས་ནང་ལས་ འཆམ་ལེའུ་༢༡ གནང་བའི་ སྲོལ་བྱུང་ཡོདཔ་སྦེ་ ལོ་རྒྱུས་བཤད་སྲོལ་འདུག།
དགྲ་མེད་རྩེ་རྔ་འཆམ་བཟུམ་སྦེ་ གིང་ཆེན་ལུ་ འཆམ་གྱི་རྩ་ཚིག་ལེའུ་༢༡ ཡོད་མི་དེ་ཡང་ ལམ་འགྲོས།གནམ་གིང་།བར་གིང་།ས་གིང་།དབྱུག་པ།ཁྲོ་གིང་།ཀླད་བསྐོར།ཕྱག་རྒྱ་མ།གོམ་དྲུག་མ།མོ་འདེབས་མ།ཞལ་སྦྱོར།བཟློག་པ་མ་ཏྲྃ་ལེན་ཚུལ།གྲི་དབྱུག།གྲི་གིང་།རྩེ་ལྡན།རྩེ་འཐུད།རྟགས་སྤྲོད།གྲི་བརྡར།སྒྲལ་སྟབས།འབུལ་གཏོར་དང་ འཛུལ་འཆམ་རྐང་འགྲོ་ལག་འགྲོ་ཚུ་ཨིན་པས།
གིང་ཆེན་གྱི་ ཞལ་འབགཔ་ཚུ་ ཁྲོ་བོ་སྦེ་ ཡོདཔ་མ་ཚད་ འཁརཝ་དང་ གྱི་རིང་འབག་སྟེ་ དགྲ་བོ་བཏུལ་བའི་ ཚུལ་སྟོན་ཐོག་ལས་ བྱིན་གྱིས་བརླབས་གནང་མི་དེ་ པདྨ་གླིང་པའི་ གིང་༣ གྱི་ གསང་བའི་སྐུ་འཆམ་ཨིན་པས།
གིང་ཆེན་དེ་གིས་ སངས་རྒྱས་ཀྱི་བསྟན་པའི་ དགྲ་བོ་ཚུ་ ཚར་བཅད་དེ་ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ འཕང་པའི་བརྡ་མཚོན་སྟོན་པའི་གནས་ཚུལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *