སྤ་རོ་གྱེདཔ་སྟོད་དང་ ས་མཚམས་བར་ནའི་འཁོར་ལམ་ ཉམས་བཅོས་འབད་རན་ཁར་ལྷོད་ཡོདཔ།

༉ སྤ་རོ་ཁྲོམ་ལས་ གྱེདཔ་སྟོད་ཁ་ཐུག་ལུ་ ཨ་རྟག་ར་ འགྲོ་འགྲུལ་འབད་མི་ མི་སེར་ཚུ་ འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཐལ་མི་ལུ་བལྟ་སྟེ་ དབུག་འགམ་དོ་ཡོདཔ་ཨིན་པས།

སྣུམ་འཁོར་འགྱོ་སའི་ཟམ་དེ་ སྒྲིང་སྒྲི་མེདཔ་ལས་ སྣུམ་འཁོར་ཚུ་ ཆུ་ནང་འཐིམ་ནིའི་ ཉེན་ཁ་ཡོད་པའི་ཁར་ འཁོར་ལམ་ ག་ར་ཧོག་ཀ་ཐོན་ཡོདཔ་ལས་ སོ་ནམ་ཞིང་ལམ་ལས་ སྐྱོ་དྲགས་ཐལ་ཡོདཔ་བཞིན་དུ་ འཁོར་ལམ་བདའ་སྟེ་ སྡོད་མི་ཚུ་གིས་ གནམ་དགུན་ ཐལཝ་ཐོན་མི་དང་ གནམ་བྱཱར་ལུ་ འདམ་ལ་སོགས་པའི་ དཀའ་ངལ་ཡོད་ལུགས་ཀྱི་ ཉོགས་བཤད་བཀོདཔ་ཨིན་པས།

འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་མེད་མི་ལུ་བརྟེན་ སྣུམ་འཁོར་ཚུ་ མེདཔ་ཐལ་དོ་ཡོདཔ་ལས་ དེད་གཡོགཔ་མང་ཤོས་ཅིག་གིས་ འཁོར་ལམ་དེ་ཁ་ལས་ འགྲོ་འགྲུལ་འབད་ནི་ལས་ འཛེམ་ཡོདཔ་བཞིན་དུ་ འཁོར་ལམ་རྒྱ་ཆུང་ཀུ་ཡོདཔ་ལས་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་ཡང་ཡོདཔ་ཨིན་པས།

དུས་རྒྱུན་དུ་ འགྲོ་འགྲུལ་འཐབ་མི་ བསོད་ནམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཁོར་ལམ་དེ་ ཉམས་བཅོས་མ་འབད་བར་ སྐྱོ་དྲགས་ཐལ་ཏེ་ ལོ་༢ ལྷགཔ་ཅིག་ སོང་ཡི་ཟེར་ཨིནམ་ད་ གནམ་བྱཱར་ལུ་ སྣུམ་འཁོར་ཚུ་ འགྱེལ་ཏ་རྐྱབ་དོ་ཡོདཔ་ལས་ དེ་ཁ་ལས་ འགྲོ་འགྲུལ་འབད་མི་ཚུགས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འཁོར་ལམ་དེ་ གཡུས་མི་ཚུ་གིས་ ཉམས་བཅོས་འབད་ནིའི་ ཁ་འཆམ་བྱུང་ཡི་ཟེར་ཨིན་རུང་ མི་མང་གི་ རྒྱུ་དངོས་ཅིག་འབདཝ་ལས་ ཉམས་བཅོས་ཀྱི་ལཱ་དེ་ འགོ་བཙུགས་མ་ཚུགས་ཟེར་ཨིན་པས།

འཁོར་ལམ་བདའ་སྟེ་ གོ་ལའི་ཚོང་ཁང་བཙུགས་ཡོད་མི་ པེ་རེམ་མ་ཡ་གིས་ སླབ་མིའི་ནང་ ཚོང་ཁང་དེ་ ཁྲོམ་གྱི་ ཉེ་འདབས་ལུ་ཡོད་རུང་ འཁོར་ལམ་བདའ་སྟེ་ འདམ་དང་ འཁོར་ལམ་ལེགས་ཤོམ་མེད་ནི་དེ་གིས་ ཚོང་ཉོ་བར་ འོང་མི་བཏུབ་པས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ གནམ་བྱཱར་ཆརཔ་ཤུགས་སྦེ་ རྐྱབ་པའི་སྐབས་ ཚོང་ཆས་ཕྱི་ཁར་དཔྱངས་སབཞག་མི་ཚུ་ མེདཔ་བཏང་དོ་ཡོདཔ་ལས་ ཚོང་འབྲེལ་འཐབ་མི་ཚུ་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།

གྱེདཔ་སྟོད་ལས་ ཀརྨ་སྒྲོལ་མ་གྱིས་ སླབ་མིའི་ནང་ འཁོར་ལམ་དེ་ ཁྲོམ་ཁ་ལས་འགོ་བཙུགས་ ས་མཚམས་མཆོད་རྟེན་ཚུན་ ཧོག་ཀ་ཐོན་ཏེ་ མེདཔ་ཐལ་ནུག་ཟེར་ཨིནམ་ད་ གནསམ་ཇོ་དང་ ཤོ་མུ་ གོང་མཇུག་ གྱེདཔ་སྟོད་ཚུ་ནང་ སོ་ནམ་ཞིང་ལཱ་འབད་མི་ཚུ་གི་དོན་ལུ་ འཁོར་ལམ་དེ་ ཁག་ཆེ་ཤོས་ཅིག་ ཨིན་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ འཁོར་ལམ་དེ་གིས་ སྣུམ་འཁོར་ཆུང་ཀུ་ཚུ་ མེདཔ་རྐྱབ་དོ་ཡོད་པའི་ཁར་ དེད་གཡོགཔ་ཚུ་གིས་ཡང་ ཉེན་མི་བཏུབ་དོ་ཡོདཔ་ལས་ གླ་འཁོར་ཐོབ་མ་ཚུགས་པའི་ གདོང་ལེན་བྱུངམ་མས་ཟེར་ཨིནམ་ད་ གླ་འཁོར་དེད་གཡོགཔ་མང་ཤོས་ཅིག་གིས་ འཁོར་ལམ་གྱི་ གནས་སྟངས་སྐྱོ་དྲགས་ཡོད་མི་ལུ་བརྟེན་ གླ་ཆ་ཐེབས་ ལེནམ་མས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ཧེ་མ་ གྱེདཔ་སྟོད་ཀྱི་ འཁོར་ལམ་བདའ་སྟེ་ ཉུང་ཤོས་མི་༦ དེ་ཅིག་གིས་ ཁྱིམ་འཚོལ་བར་ འོང་ནི་ཡོད་རུང་ ད་རེས་ ལོག་ལྟབ་ཀྱིས་ མར་བབས་སོང་མི་དེ་ཡང་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཝང་ལྕང་རྒཔོ་ ཀུན་བཟང་རིན་ཆེན་གྱིས་ སླབ་མིའི་ནང་ སྨན་ཁང་གི་ འཁོར་ལམ་རྒྱ་སྐྱེད་ལས་འགུལ་དང་གཅིག་ཁར་ འཁོར་ལམ་ཉམས་བཅོས་དང་ རྩི་ནག་གཏང་ནིའི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་རུང་ ཟམ་ལོག་བཟོ་སྐྲུན་འབད་ནི་དེ་ ལས་འགུལ་འཆར་གཞིའི་ནང་ མ་ཚུད་པས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཟམ་བཟོ་སྐྲུན་གྱི་དོན་ལུ་ མ་དངུལ་བགོ་བཀྲམ་མ་འབད་བས་ཟེར་ཨིན་རུང་ རྒེད་འོག་གིས་ ཞིབ་འཚོལ་འབད་ཐོག་ དགོས་མཁོ་དང་འཁྲིལ་ ཤུལ་ལས་ མ་དངུལ་བགོ་བཀྲམ་འབད་འོང་ཟེར་ཨིན་པས།

གནས་ཚུལ་འབྱུང་ཁུངས་དང་འཁྲིལཝ་ད་ རྒེད་འོག་ནང་ འཁོར་ལམ་རྩི་ནག་གཏང་ནིའི་དོན་ལུ་ མ་དངུལ་ལོགས་སུ་སྦེ་ བཞག་བཞགཔ་མེདཔ་ལས་ གཞུང་གིས་འབད་དོ་ཡོད་རུང་ སྤུས་ཚད་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།

རྫོང་ཁག་ཚོགས་འདུའི་ནང་ རྩིས་ལོ་༢༠༢༡-༢༠༢༢ ཀྱི་ མ་དངུལ་བགོ་བཀྲམ་ཐོག་ལུ་ གྲོས་བསྡུར་འབད་བའི་སྐབས་ ལམ་གོང་རྒཔོ་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ རྒེད་འོག་ནང་ ལས་སྣ་ལེ་ཤ་ཡོད་མི་དང་བསྟུན་ མ་དངུལ་ཚུ་ཡང་ ལེགས་ཤོམ་སྦེ་ ཚུལ་མཐུན་བགོ་བཀྲམ་འབད་དགོ་ཟེར་ཨིན་པས།

ཁོ་གིས་ གྱེདཔ་སྟོད་ལས་ ས་མཚམས་ཚུན་ མཐུད་སྦྲེལ་འབད་མི་ འཁོར་ལམ་དེ་གིས་ ལུང་གཉིས་དང་ ཝང་ཅང་ དེ་ལས་ ལམ་གོང་དང་ བཙན་ཏོག་རྒེད་འོག་༤ ལུ་ ཕན་ཐོགས་བྱུང་དོ་ཡོད་རུང་ གནས་སྟངས་སྐྱོ་དྲགས་འདུག་ཟེར་ཨིནམ་ད་ དེ་བཟུམ་མའི་ ལས་སྣ་ཚུ་ འཆར་གཞི་ནང་ ཚུད་དགོཔ་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་གིས་ ཕྱིར་སེལ་འབད་ཐོག་ ལོག་གཙོ་རིམ་ནང་བཙུགས་དགོ་པའི་ ཞུ་བ་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *