སྤ་རོ་གནམ་ཐང་ནང་ སྣུམ་འཁོར་བཞག་འཐུས་བསྡུ་མི་དེ་ གཞུང་གིས་ འོང་འབབ་ བཟོ་ནིའི་དོན་ལུ་མེནམ།

༉ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཌི་ཨེན་དུང་གེལ་གྱིས་ ད་རེས་ནངས་པར་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ སྣུམ་འཁོར་ཚུ་བཞག་པའི་སྐབས་ འཐུས་སྤྲོད་དགོཔ་སྦེ་ བཟོ་མི་དེ་ གཞུང་གིས་ འོང་འབབ་བཟོ་ནིའི་དོན་ལུ་ རྩ་ལས་ར་ མེན་ཟེར་ ཞུ་ཡི།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ སྒང་ཟུར་-སྨིན་རྒྱས་ཀྱི་འཐུས་མི་ ཀརྨ་རང་གྲོལ་གྱིས་ སྤ་རོ་གནམ་གྲུ་ཐང་ནང་ གཞུང་གིས་ སྣུམ་འཁོར་ཚུ་བཞག་པའི་སྐབས་ གླ་འཐུས་ཚུ་ ཚད་ལས་བརྒལ་བཀལ་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ཟེར་ དོགས་སེལ་འབད་དགོ་པའི་དྲི་བ་ བཀོད་མིའི་ལན་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ དེ་སྦེ་ བཟོ་མི་དེ་ཡང་ གནམ་གྲུ་ཐང་ནང་ ས་གོ་མ་ལང་པའི་ དཀའ་ངལ་སྦོམ་ཡོད་པའི་ཁར་ གནམ་གྲུ་ཆགས་ས་དང་ འཕུར་སའི་ ས་གོ་༢ ཀྱི་གདོང་ཁར་ ས་གོ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ གཞུང་གི་ཁ་ཐུག་ལས་ ཐབས་ཤེས་རྣམ་པ་སྣ་ཚོགས་བཏོན་ཐོག་ལས་ ལམ་ལུགས་དེ་ བཟོ་དགོཔ་བྱུང་ཡི་ཟེར་ཨིན་པས།
གཞུང་གིས་ གནམ་གྲུ་ཐང་ནང་ གླ་འཁོར་གྱི་ཞབས་ཏོག་ལྟེ་བ་དང་ སྣུམ་འཁོར་བཞག་སའི་ གླ་འཐུས་བསྡུ་ལེན་འབད་ནི་ ལས་རིམ་དེ་ཡང་ དུས་ཅི་ སྤྱི་ཟླ་༣ པ་ལས་ འགོ་བཙུགས་ནུག།
ཐབས་ལམ་གཅིགཔོ་དེ་ གནམ་གྲུ་ཐང་ནང་ འཕུར་འགྲུལ་འབད་མི་ཚུ་གིས་ ཞབས་ཏོག་ལེགས་ཤོམ་སྦེ་ ཕུལ་ནིའི་དོན་ལུ་ གཞུང་གིས་ སྣུམ་འཁོར་བཞག་སའི་ ས་གོ་དབྱེ་རིམ་༤ སྦེ་ བཟོ་སྟེ་བྱིན་ཡི་ཟེར་ བློན་པོ་གིས་ ཞུ་ཡི།
སྣུམ་འཁོར་བཞག་སའི་ ས་གོ་༣ པ་དང་༤ པ་ནང་ འཐུས་མ་ཕོགཔ་སྦེ་ བཟོ་ཡོད་མི་ནང་ སྣུམ་འཁོར་༣༠༣ དེ་ཅིག་ ཤོང་ཚུགས་ཟེར་ཨིནམ་ད་ འཐུས་ཕོག་མི་ས་གོ་༡༢༩ ཚུ་ཡང་ གནམ་གྲུ་འཕུར་འགྲུལ་དང་ ཆགས་སའི་ས་ཁོངས་ཀྱི་ གདོང་ཕྱོགས་ཚུ་ནང་ ཡོདཔ་ཨིན་པས།
ད་རེས་ནངས་པར་ སྣུམ་འཁོར་བཞག་སའི་ དབྱེ་རིམ་དང་པའི་ནང་ སྣུམ་འཁོར་བཞག་པའི་སྐབས་ དུས་ཡུན་སྐར་མ་༣༠ ལུ་ གླ་འཐུས་དངུལ་ཀྲམ་༡༠༠ དང་ དབྱེ་རིམ་༢ པའི་ནང་ དངུལ་ཀྲམ་༥༠ དེ་ལས་ སྣུམ་འཁོར་ཆེ་བ་ཚུ་གིས་ སྣུམ་འཁོར་བཞག་སའི་ ས་གོ་ག་ཅི་ནང་ཨིན་རུང་ གླ་འཐུས་ཐེབས་དངུལ་ཀྲམ་༥༠ སྤྲོད་དགོཔ་ཨིན་པས།
ས་གོ་དེ་ནང་ འཐུས་སྤྲོད་དགོཔ་སྦེ་ བཟོ་མི་དེ་ཡང་ མི་ག་ར་གིས་ རང་སོའི་སྣུམ་འཁོར་ཚུ་ ས་གོ་དེ་ནང་ བཞག་ནི་ལུ་ རེ་བ་བསྐྱེད་དོ་ཡོདཔ་ལས་ འཛིན་སྐྱོང་འཐབ་ད་ སྟབས་མ་བདེཝ་བྱུང་བའི་ཁར་ ས་གོ་མ་ལང་ནི་དེ་གིས་ བཟོ་ཡོདཔ་ཨིན་པས།
འཐུས་སྤྲོད་དགོ་པའི་ ས་ཁོངས་ནང་ འགྲུལ་པ་ཚུ་ འཐོན་ནི་རྐྱངམ་གཅིག་གི་དོན་ལུ་ འཐུས་མ་ཕོག་པའི་ ས་ཁོངས་༢༠ དེ་ཅིག་ ངོས་འཛིན་འབད་ཡོད་རུང་ སྣུམ་འཁོར་ཆུང་བ་ཚུ་ དུས་ཡུན་སྐར་མ་༣ དང་ སྣུམ་འཁོར་བར་མ་དང་ ཆེ་བ་ཚུ་ སྐར་མ་༧ དེ་ཅིག་ བཞག་དགོཔ་ཨིན་པས།
ས་གོ་༣༠༢ དེ་ཡང་ གནམ་ཐང་ལས་ དུམ་གྲ་ཅིག་ ཐག་རིང་ལུ་ཡོད་ནི་དེ་གིས་ མི་ཚུ་ལུ་ དཀའ་ངལ་འབྱུང་ནི་མས་ཟེར་མནོ་སྟེ་ ལས་ཁུངས་ཀྱིས་ དོ་འབག་ནིའི་དོན་ལུ་ ཊོ་ལི་གི་ ཞབས་ཏོག་ཚུ་ རིན་མེད་སྟོང་པར་སྦེ་ བྱིན་ཏེ་ཡོད་ཟེར་ བློན་པོ་གིས་ ཞུ་ཡི།
དེ་ལས་ ས་གོ་དེའི་ནང་ མི་ཚུ་གིས་ རང་སོའི་སྣུམ་འཁོར་ཚུ་ བདུན་ཕྲག་ལས་བཅད་དེ་ བཞག་ཆོག་པའི་ ལམ་ལུགས་ཅིག་ཡང་ བཟོ་སྟེ་ཡོད་རུང་ གནམ་གྲུ་འཕུར་ས་དང་ ཆགས་ས་ནང་ ས་གོ་མེདཔ་ལས་ ཞབས་ཏོག་དེ་ བྱིན་མ་ཚུགས་ཟེར་ ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ ཞུ་མིའི་ནང་ སྟབས་མ་བདེཝ་སེལ་ནི་གི་ འགན་ཁུར་དེ་ གཞུང་ལུ་ཕོགཔ་ཨིན་རུང་ ལམ་ལུགས་དེ་ དུམ་གྲ་ཅིག་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིནམ་ད་ གནམ་གྲུ་ཐང་ནང་ དུས་ཚོད་བཀག་ནིའི་ འཕྲུལ་ཆས་ཀྱི་ ལམ་ལུགས་ཅིག་བཙུགས་པ་ཅིན་ འགྲུལ་པ་ཚུ་ལུ་ སྟབས་བདེ་ནི་མས་ཟེར་བའི་ གྲོས་འདེབས་ཕུལ་ཡི།
ད་རེས་ ས་ཁོངས་ནང་ སྣུམ་འཁོར་དེ་ དུས་ཡུན་ག་དེམ་ཅིག་བཞག་རུང་ འཐུས་འདྲན་འདྲ་སྦེ་ ཕོག་དོ་ཡོདཔ་བཞིན་དུ་ གླ་འཐུས་མཐོ་དྲགས་སྦེ་ར་ཡོད་པའི་སྐོར་ མི་ཚུ་གིས་ ཉོགས་བཤད་བཀོད་དེ་ཡོདཔ་ད་ མགྱོནམ་དང་མི་གཞན་ཚུ་ ཕར་ཚུར་འགྱོ་བའི་སྐབས་ དུས་ཡུན་དང་ འཐུས་ལུ་ལྟ་བའི་སྐབས་ ཁོང་གི་གདོང་ཁར་ མཛེས་ཏོག་ཏོ་ཅིག་མེད་པའི་ དཀའ་ངལ་བྱུང་སྟེ་འདུག་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ གཞུང་གིས་ གླ་འཁོར་གྱི་ ཞབས་ཏོག་ལྟེ་བ་དེ་ཡང་ རིན་བསྡུར་གསལ་བསྒྲགས་འབད་ཐོག་ལས་ ཁག་འབགཔ་ཅིག་ལུ་ བྱིན་ཏེ་ཡོད་ཟེར་ཨིནམ་ད་ ཁོང་གིས་ གླ་འཁོར་དང་ སྣུམ་འཁོར་ཚུ་ གནམ་ཐང་ནང་འཛུལཝ་ད་ འཐུས་ལེན་ནིའི་དོན་ལུ་ ཤོག་འཛིན་བཏོག་ནིའི་ལམ་ལུགས་དེ་ ཧེ་མ་ལས་ར་ འགོ་བཙུགས་ཏེ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *