འཐུང་ཆུ་བཏོན་ནིའི་དོན་ལུ་ ས་དོང་རྐོ་མིའི་མཐོང་སྣང་།

སྤ་རོ་ཁྲོམ་ནང་ འཐུང་ཆུ་བཀྲམ་སྤེལ་ལས་འགུལ་ འགོ་བཙུགས་ཡོདཔ།

༉ སྤ་རོ་ཁྲོམ་ནང་ འཐུང་ཆུ་བཀྲམ་སྤེལ་གྱི་ ལས་འགུལ་འགོ་བཙུགས་ཡོདཔ་ལས་ སང་ཕོད་ དུས་ཚོད་འ་ནེམ་ཅིག་ཁར་ལས་ འཐུང་ཆུ་གི་ དཀའ་ངལ་མི་འཐོན་ནི་ཨིན་པས།
མ་གཞི་ ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ལྟོ་ འཐུང་ཆུ་བཀྲམ་སྤེལ་འབད་མི་དེ་ ཁྲོམ་གྱི་ས་ཁོངས་རྐྱངམ་གཅིག་ནང་ཨིན་པ་ཅིན་ ལངམ་སྦེ་ཡོད་དེ་འབད་རུང་ ཁྲོམ་གྱིས་མ་ཚད་པར་ རྒེད་འོག་༦ གི་ ཁྱིམ་གུང་པ་ ལ་ལོ་ཅིག་ལུ་ཡང་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་དེ་ གནད་དོན་དེ་ལུ་བརྟེན་ཏེ་ ཐོནམ་མས་ཟེར་ཨིན་པས།
སྤ་རོ་ཁྲོམ་གྱི་ འཐུང་ཆུ་བཀྲམ་སྤེལ་ལས་འགུལ་དེ་ ལཱ་ཁག་༥ སྦེ་ དབྱེ་སྟེ་ཡོདཔ་ད་ དེ་ཡང་ ཁྲོམ་སྡེ་གི་ བཟོ་རིག་འགོ་དཔོན་ དཀོན་མཆོག་རྡོ་རྗེ་གིས་ འབད་བ་ཅིན་ ལཱ་ཚུ་ དུས་ཚོད་ཁར་ མགྱོགས་སུ་སྦེ་ མཇུག་བསྡུ་ནིའི་དོན་ལས་ ཨིནམ་སྦེ་བཤད་ཅི།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ སྤ་རོ་ཁྲོམ་གྱི་ ཚོང་ཁང་ཚུ་གི་གདོང་ཁ་ལས་ཕར་ དོང་རྐོ་སྟེ་ཡོདཔ་ད་ དེ་ནང་ ཆུ་དུང་བཙུགས་ནིའི་ལཱ་ཚུ་ འགོ་བཙུགས་ནི་སྦེ་ཡོདཔ་ཨིན་པས།
ཁོ་གིས་ འབད་བ་ཅིན་ ཁྲོམ་སྡེ་གི་ ས་ཁོངས་རྐྱངམ་གཅིག་ཨིན་པ་ཅིན་ ད་ལྟོ་ ཁྲོམ་སྡེའི་ཡིག་ཚང་ལས་ མྱང་མེད་ཟམ་པ་ཚུན་ཚོད་འབདཝ་ད་ ས་ཆ་ཨེ་ཀར་༨༤ རྐྱངམ་གཅིག་ལས་མེད་རུང་ ཁྲོམ་གྱི་ཉེ་འདབས་ཀྱི་ རྒེད་འོག་ལ་ལོ་ཅིག་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ དེ་ཚུ་ནང་ཡང་ ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནི་དེ་གིས་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
སྤ་རོ་ཁྲོམ་གྱི་ མི་སེར་ཚུ་གི་དོན་ལུ་ འཐུང་ཆུ་དེ་ བྱང་ས་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ ཤུལ་ལས་འབད་བའི་བསྒང་ལས་ བྱང་ས་དང་ གྱེབ་རྒྱ་ན་ཟེར་སའི་ ས་གནས་གཉིས་ལས་ བཏོན་ནི་ཨིནམ་ལས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་དེ་ མི་འཐོན་དོ་འོང་ཟེར་ཨིན་པས།
ཁྲོམ་སྡེ་གི་ འཐུང་ཆུ་བཀྲམ་སྤེལ་གྱི་ ལས་འགུལ་དེ་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཨིནམ་ད་ དེ་གི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༩༠ དེ་ཅིག་ ཡོདཔ་ཨིན་པས།
འཐུང་ཆུ་བཀྲམ་སྤེལ་གྱི་ ལཱ་ཚུ་ག་ར་ སྤྱི་ལོ་༢༠༡༨ ཀྱི་ ཟླཝ་༣ པའི་ ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ད་ལྟོ་ ཁྲོམ་སྡེའི་ས་ཁོངས་ནང་ ཁྱིམ་གུང་པ་༢༥༠ ལྷགཔ་ཅིག་དང་ མི་སེར་༣༠༠༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དཔལ་འབྱོར་གོང་འཕེལ་ནང་ སོ་ནམ་ལས་སྡེ་གིས་ ལྷན་ཐབས་ཉུང་སུ་ལས་བརྒལ་མེདཔ།

༉ མ་གཞི་ སོ་ནམ་ལས་སྡེ་ནང་ རྒྱལ་ཁབ་ཀྱི་ ལས་མི་ཕྱེད་ཀ་དེ་ཅིག་ འབྲེལ་འཛིན་འབད་དེ་ཡོད་རུང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ཉུང་སུ་ཅིག་ལས་བརྒལ་ ལྷན་ཐབས་འབད་ནི་མེདཔ་ཨིན་པས། འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ སོ་ནམ་ལས་སྡེ་ནང་ ལཱ་འབད་མི་ …

Leave a Reply

Your email address will not be published. Required fields are marked *