ཨ་ལོ་ཚུ་ རྩེདམོ་རྩེ་སའི་གླིང་ག་ སྒོ་བསྡམས་མི་ལུ་བརྟེན་ ལུས་སྦྱོང་ས་ཁོངས་ནང་ འཁྱམས་སྡོད་པའི་མཐོང་སྣང་།

སྤ་རོ་ཁྲོམ་གྱི་ ཨ་ལོའི་གླིང་ག་ ཉེན་སྲུང་དོན་ལུ་ སྒོ་བསྡམས་ཡོདཔ།

༉ སྤ་རོ་ཁྲོམ་ཁར་ཡོད་མི་ ཨ་ལོའི་གླིང་ག་དེ་ སྟོང་ཧང་ཧ་སྦེ་མཐོང་པའི་ཁར་ སྒོ་བསྡམས་ཏེ་ ལོ་ལང་ནི་འབད་དོ་ཡོདཔ་ཨིན་པས།

གླིང་ག་སྒོ་བསྡམས་པའི་སྐོར་ལས་ བརྡ་དོན་ཁ་གསལ་ག་ནི་ཡང་མེདཔ་ལས་ ས་གནས་ནང་སྡོད་མི་ཚུ་གིས་ གནད་དོན་དེ་ལུ་ དྲི་བཀོད་འབད་དོ་ཡོདཔ་ད་ ཨ་ལོ་ཚུ་ཡང་ རྩེདམོ་རྩེ་སའི་ས་ཁོངས་མེདཔ་ལས་ ཉེ་འདབས་ལུ་ཡོད་མི་ ལུས་སྦྱོང་འབད་སའི་ ས་ཁོངས་ནང་ འགྱོ་སར་མཐོངམ་ཨིན་པས།

གླིང་ག་ནང་ འཕྲལ་འཕྲལ་ར་འགྱོ་མི་ གི་ཏ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ ཨ་ལོ་ཚུ་འཁྱམས་སའི་ས་ཁོངས་ གཞན་ཁ་མེདཔ་ལས་ ཨ་ལོ་ཚུ་གིས་ གླིང་ག་དེ་ནང་ འགྱོ་གེ་ཟེར་ སླབ་མས་ཟེར་ཨིན་པས།

སྒོ་བསྡམས་པའི་སྐོར་ལས་ ཟླཝ་༡ དེ་ཅིག་གི་ཧེ་མར་ དྲི་བཀོད་འབད་རུང་ ག་གིས་ཡང་ ལན་སླབ་ནི་མིན་འདུག་ཟེར་ མོ་ གིས་བཤད་པའི་ཁར་ མི་ལ་ལོ་ཅིག་གིས་ ཉམས་བཅོས་འབད་ནིའི་དོན་ལུ་ བསྡམས་ཡོདཔ་སྦེ་ སླབ་དོ་ཡོདཔ་ད་ ལ་ལོ་ཅིག་གིས་འབད་བ་ཅིན་ ནད་ཡམས་ལུ་བརྟེན་ བསྡམས་ཡོདཔ་སྦེ་ བཤད་ནི་འདུག་ཟེར་ཨིན་པས།

ནད་ཡམས་ལུ་བརྟེན་ ཨ་ལོ་ཚུ་ རྩེད་ཐང་ནང་འཁྱིད་ནི་དེ་ ཉེན་ཁ་ཡོད་རུང་ གི་ཏ་གིས་འབད་བ་ཅིན་ ཨ་ལོ་ཚུ་ ཨ་རྟག་ར་ རྒྱང་མཐོང་ཚུ་ ལྟ་སྡོད་དོ་ཡོདཔ་ལས་ བདུན་ཕྲག་མཇུག་ལུ་ ཕྱི་ཁར་འཁྱིད་འགྱོ་ནི་དེ་ཡང་ ཁག་ཆེ་བས་ཟེར་ཨིན་པས།

དེ་མ་ཚད་ ལུས་སྦྱོང་འབད་ས་ལུ་ ཨ་ལོ་ཚུ་གིས་ རྩེ་ནི་དེ་ཡང་ ཉེན་ཁ་འདུག་ཟེར་ཨིནམ་ད་ ས་གནས་ནང་སྡོད་མི་ བུ་དར་གྱིས་ ཨ་ལོ་ཆུང་ཀུ་ཚུ་གི་དོན་ལུ་ རྩེདམོ་རྩེ་སའི་ས་ཁོངས་གཞན་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།

སྤྲོ་གསེང་གི་ས་ཁོངས་མེདཔ་ལས་ ཨ་ལོ་ཚུ་ བདུན་ཕྲག་མཇུག་ལུ་ ག་ཏེ་ཡང་ འགྱོ་ས་མེདཔ་ད་ མོ་གིས་སླབ་མིའི་ནང་ མོ་གི་བུ་དེ་ ངལ་གསོའི་སྐབས་ ག་ཅི་ཡང་ འབད་ས་མེདཔ་ལས་ ཁྱིམ་ནང་ར་བཞག་དོ་ཟེར་ཨིན་པས།

ཨ་ལོ་༣ གྱི་ཨ་པ་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ ནད་ཡམས་ལུ་བརྟེན་ གླིང་ག་བསྡམས་ཡོད་པ་ཅིན་ གླིང་ག་ནང་མེན་པར་ ཕྱི་ཁར་རྩེ་བཅུག་པ་ཅིན་ ཉེན་ཁ་ཉུང་བས་ཟེར་ཨིན་པས།

ཨིན་རུང་ ཕམ་ལ་ལོ་གིས་འབད་བ་ཅིན་ རྫོང་ཁག་གིས་ གླིང་ག་དེ་ ཉེན་སྲུང་གི་དོན་ལས་ བསྡམས་ཡོད་པ་ཅིན་ རྒྱབ་སྐྱོར་ཡོད་ཟེར་ཨིནམ་ད་ པདྨ་གིས་ སླབ་མིའི་ནང་ གླིང་ག་དེ་ནང་ དུས་ཚོད་མང་ཤོས་ར་ ཨ་ལོ་ལེ་ཤ་སྦེ་ སྤུངས་འཛོམས་འབད་དོ་ཡོདཔ་ལས་ ལྟ་རྟོག་འབད་མི་མེད་པ་ཅིན་ ཉེན་ཁ་འདུག་ཟེར་ཨིན་པས།

ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ ཨོ་རྒྱན་གཡུ་སྒྲོན་གྱིས་ སླབ་མིའི་ནང་ རྫོང་ཁག་གིས་ ད་ལྟོ་ གླིང་གའི་མཐའ་འཁོར་ལུ་ ཉམས་བཅོས་དང་ མཛེས་ཆའི་ལཱ་ཚུ་ འབད་དོ་ཟེར་ཨིན་པས།

མོ་གིས་སླབ་མིའི་ནང་ ནད་ཡམས་ཀྱི་དུས་ཚོད་ནང་ སྤུངས་འཛོམས་འབདཝ་ད་ ལྟ་རྟོག་འབད་ནི་དེ་ གདོང་ལེན་ཅིག་ལུ་ གྱུར་ཡོད་པའི་ཁར་ མཐུན་རྐྱེན་ཚུ་ ནད་ཡམས་ཀྱི་དུས་ཚོད་ནང་ ལེགས་བཅོས་འབད་ནིའི་ ཐག་བཅད་དེ་ཡོད་ཟེར་བཤད་ཅི།

ཁྲོམ་སྡེ་གིས་ ད་རེས་ཀྱི་ རྩིས་ལོ་དེ་ནང་ གླིང་ག་དེ་ ཉམས་བཅོས་འབད་དེ་ མཐའ་འཁོར་ཚུ་ ལེགས་བཅོས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

སྤ་རོ་རྫོང་ཁག་གི་ རྫོང་བདག་ངོ་ཚབ་ རྫོང་རབ་ཀུན་ལེགས་རྒྱལ་མཚན་གྱིས་ གླིང་ག་དེ་ འགོ་དང་པ་ ཉམས་བཅོས་འབད་ནིའི་དོན་ལུ་ སྒོ་བསྡམས་ཡོད་རུང་ ནད་ཡམས་སྐབས་ མི་སྤུངས་འཛོམས་འབདཝ་ད་ ལྟ་རྟོག་འབད་ནི་ལུ་ གདོང་ལེན་འདུག་ཟེར་ སླབ་ཨིན་པས།

ཁོ་གིས་སླབ་མིའི་ནང་ གླིང་ག་གཅིག་ལས་བརྒལ་ མེད་ནི་དེ་གིས་ མི་སྤུངས་འཛོམས་འབདཝ་མས་ཟེར་ཨིནམ་ད་ ལོག་སྒོ་ཕྱེ་ནིའི་འཆར་གཞི་ཡོད་རུང་ ཀོ་བིཌ་-༡༩ ཐོན་མི་ལུ་བརྟེན་ ཨ་ལོ་ཚུ་ལུ་ ཉེན་ཁ་ཡོད་ནི་དེ་གིས་ གནས་སྟངས་དེ་ ལེགས་བཅོས་མ་འགྱོ་ཚུན་ བསྡམས་ཏེ་ར་ ལུས་འོང་ཟེར་བཤད་ཅི།

མི་རློབས་མང་ས་ལུ་ མཐུན་རྐྱེན་ཚད་ཅིག་ལས་མེདཔ་ལས་ གདོང་ལེན་སྦོམ་བྱུང་མི་དང་ ཨ་ལོའི་ཉེན་སྲུང་ལུ་བལྟ་སྟེ་ སྒོ་བསྡམས་ཡོད་མི་ལུ་ ཕམ་ཚུ་གིས་འབད་རུང་ ཧ་གོ་བའི་ རེ་བ་ཡོད་ཟེར་ རྫོང་རབ་ཀྱིས་ བཤདཔ་ཨིན་པས།

གླིང་ག་དེ་ནང་ ཨ་ལོ་༡༥ འི་ཤོང་ཚད་ལས་མེད་རུང་ སྒོ་ཕྱེ་བ་ཅིན་ ཨ་ལོ་༥༠ ལྷགཔ་ཅིག་ འཛོམས་ནི་འདུག་ཟེར་ཨིནམ་ད་ གླིང་ག་དེ་ ཚོང་འབྲེལ་གྱི་ས་ཁོངས་ལྟེ་བ་ནང་ ཆགས་ཡོདཔ་ལས་ ཨ་ལོ་ཚུ་ལུ་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།

རྫོང་ཁག་གིས་ ད་ལྟོའི་ མཐུན་རྐྱེན་ཚུ་ ལེགས་བཅོས་འབད་འོང་ཟེར་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *