སྣུམ་འཁོར་མང་དྲགས་པའི་གདོང་ལེན?

༉ ད་རེས་ནངས་པར་ རྒྱལ་ཁབ་ནང་ འབྲུག་མི་༧ ལུ་ སྣུམ་འཁོར་རེ་དང་ རྒྱལ་ས་ལྟེ་ ཐིམ་ཕུག་ལུ་འབད་བ་ཅིན་ མི་༢ ལུ་ སྣུམ་འཁོར་རེ་ཡོད་མི་དེ་གིས་ མི་འབོར་༧༠༠,༠༠༠ ལྷགཔ་ཅིག་ ཡོད་མི་དེ་ལུ་ སྣུམ་འཁོར་བསྡོམས་ག་དེམ་ཅིག་ཡོདཔ་ན་ ཤེས་རྟོགས་འབྱུང་ཚུགས་ནི་ཨིན་མས།
དེ་ཡང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ གནས་ཐོ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༦ ལུ་ སྣུམ་འཁོར་བསྡོམས་༨༨,༢༢༧ ཡོད་མི་ལས་ དུས་ཅི་སྤྱི་ཟླ་༤ པ་ཚུན་ སྣུམ་འཁོར་གྱི་ གྱངས་ཁ་༩༤,༩༥༦ ལུ་ ཡར་འཕར་སོང་མི་དེ་ རྣམ་རྟོག་དང་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ འདས་པའི་ཟླ་ངོ་༡༠ གྱི་ ནང་འཁོད་ལུ་ར་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་གསརཔ་༢༢ དེ་རེ་ ནང་འདྲེན་འབད་ཡོད་མིའི་གྲས་ལས་ ཕྱེད་ཀ་ལྷགཔ་ཅིག་ ཐིམ་ཕུག་ཁྲོམ་ལམ་བདའ་སྟེ་ འགྲུལ་སྐྱོད་འབདཝ་བཞིན་དུ་ དེ་གིས་ ཐིམ་ཁྲོམ་གྱི་ ས་གོ་དོག་དྲགས་ཡོད་མིའི་གུ་ སྣུམ་འཁོར་བཞག་སའི་ ས་ཁོངས་མ་ཐོབ་མི་དང་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་ཚུ་བྱུངམ་ད་ མི་ཚུ་ཙིག་མུ་ལང་སྟེ་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྣུམ་འཁོར་ནང་འདྲེན་དང་ སྐྱིན་འགྲུལ་ཚུ་ དམ་འཛིན་འབད་ནི་མིན་འདུག་ཟེར་ ཁ་བཏངམ་ཨིན་མས།
དངུལ་འབྲེལ་ལས་ཁང་ཚུ་གིས་ སྤྱི་ལོ་༢༠༡༧ ཟླ་༡༢ པ་ཚུན་ཚོད་ སྣུམ་འཁོར་གྱི་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༥.༥ བྱིན་མི་དེ་ ན་ཧིང་སྤྱི་ཟླ་༡ པ་དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུམ་༡ ལྷགཔ་ཅིག་ ཡར་སེང་སོང་ཡོདཔ་བཞིན་དུ་ རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ཐེར་འབུམ་༦ ལྷགཔ་ཅིག་གི་ སྣུམ་འཁོར་ནང་འདྲེན་འབད་ཡོདཔ་མ་ཚད་ ཌི་ཟིལ་མར་ཁུ་ དངུལ་ཀྲམ་ཐེར་འབུམ་༦.༦ དང་ པེ་ཊཱོལ་མར་ཁུ་ དངུལ་ཀྲམ་ཐེར་འབུམ་༢ དེ་ཅིག་གི་རྩིས་ ནང་འདྲེན་འབད་མི་དེ་གིས་ རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་བར་ན་ ཚོང་འབྲེལ་གྱི་ ཁྱད་པར་སྦོམ་ཆགས་ནུག།
རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་གི་ གནས་སྟངས་ལུ་ བལྟ་བ་ཅིན་ ལོ་ངོ་༡༧ གྱི་ཧེ་མར་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༢༢,༥༢༧ ལས་བརྒལ་མེད་རུང་ ལོ་ངོ་བཅུ་ཕྲག་༡ ནང་ ལོག་ལྟབ་ཡར་འཕར་སོང་སྟེ་ སྣུམ་འཁོར་༥༣,༣༨༢ ལུ་ ལྷོད་ཡོདཔ་ད་ མ་གཞི་ སྤྱི་ལོ་༢༠༡༢ དང་༢༠༡༣ ལུ་ ནང་འདྲེན་བཀག་དམ་འབད་མི་དེ་གིས་ དུམ་གྲ་ཅིག་ སྣུམ་འཁོར་གྱི་ གྱངས་ཁ་ཚད་འཛིན་འབད་ནི་ལུ་ ཕན་ཁྱད་བྱུང་ཡོད་རུང་ བཀག་དམ་མེདཔ་བཟོ་བའི་ཤུལ་ལས་ ཞི་གཡོགཔ་དང་ ལས་འཛིན་གྱི་ལས་གཡོགཔ་ག་ར་གིས་ སྣུམ་འཁོར་མཁོ་སྒྲུབ་འབད་ནི་གི་ རེ་བ་བསྐྱེདཔ་ཨིན་མས།
ཐིམ་ཕུག་བཟུམ་ཅིག་ནང་འབད་བ་ཅིན་ ལོ་ངོ་༥ གི་ཧེ་མར་ རང་གི་སྣུམ་འཁོར་བདའ་སྟེ་ འགྱོ་བའི་སྐབས་ལུ་ རང་འགྱོ་དགོ་པའི་ ས་གོ་ནང་ དུས་ཡུན་སྐར་མ་༡༠ ལས་བརྒལ་ འགོར་ནི་མེད་རུང་ ད་རེས་འབད་བའི་བསྒང་ལས་ དུས་ཡུན་སྐར་མ་༣༠ ལས་༤༠ གི་བར་ན་ འགོར་མི་ལུ་བརྟེན་ ལཱ་ལྟོ་ཆག་དོ་ཡོདཔ་ད་ ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ འབྲུག་འདི་ཡང་ ཁྱིམ་མཚེས་རྒྱལ་ཁབ་ཚུ་དང་ དབྱེ་བ་མེདཔ་ འགྱོ་ནི་གི་ འོས་འབབ་སྦོམ་འདུག།
ཁྱིམ་མཚེས་རྒྱལ་ཁབ་ཚུ་ནང་ མི་རློབས་དང་ སྣུམ་འཁོར་གྱི་ གྱངས་ཁ་མང་དྲགས་མི་ལུ་བརྟེན་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་རྐྱངམ་གཅིག་གིས་མ་དོ་བར་ བཙོག་རླུང་དང་ མཐའ་འཁོར་གནས་སྟངས་ བཙོག་པ་བཟོ་སྟེ་ འགྲོ་བ་མིའི་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཐོ་ཕོག་ནི་དང་ ནད་རིགས་མ་འདྲཝ་ཚུ་ ཐོབ་ཨིན་མས།
སྣུམ་འཁོར་གྱི་ གྱངས་ཁ་ཚད་ལྡན་ཐོག་ བཞག་ནི་གི་ ཐབས་ཤེས་ཡོདཔ་ཨིན་ན?
སྣུམ་འཁོར་ནང་འདྲེན་བཀག་འཛིན་འབད་ནི་གི་ ཐབས་ལམ་ཅིག་ ནང་འདྲེན་གྱི་ཁྲལ་ བརྒྱ་ཆ་ལས་བརྒྱ་ཆ་ ཡར་སེང་འབད་ནི་དང་ སྐྱིན་འགྲུལ་ཚུ་ མཚམས་འཇོག་འབད་ནི་དེ་ཨིན་རུང་ ཐབས་ལམ་དྲག་ཤོས་ར་ མི་མང་སྐྱེལ་འདྲེན་ཞབས་ཏོག་ཚུ་ ཡར་དྲག་བཏང་སྟེ་ འབྲུག་མི་ཚུ་གི་ནང་ལས་ དམིགས་བསལ་དུ་ ཁྲོམ་ནང་སྡོད་མི་ཚུ་ལུ་ འགྲུལ་སྐྱེལ་བཱསི་ནང་ འགྲོ་འགྲུལ་འབད་དགོ་པའི་ སེམས་ཤུགས་བསྐྱེད་དགོ་པ་ཅིན་ ཕན་ཁྱད་འབྱུང་ནི་བཟུམ་མཐོངམ་མས།
ཨིན་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཐབས་ལམ་དེ་ཚུ་ལུ་རྐྱངམ་གཅིག་མེན་པར་ སྣུམ་འཁོར་མང་དྲགས་པའི་ གདོང་ལེན་ལུ་ ཐབས་ལམ་གཞན་བལྟ་དགོཔ་དེ་ཡང་གལ་ཆེ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *