༉ སྤྱི་ཟླ་༦ པའི་ཚེས་༢༦ གི་ནུབ་མོར་ སྤ་རོ་ལུ་ སྣུམ་འཁོར་འཁོར་ལོ་གཉིསམ་ ཐུག་རྐྱེན་བྱུང་མིའི་ནང་ སྒྲིག་གཡོག་ལས་ ཁྱིམ་ནང་ ལོག་འོང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ མགུ་ཏོ་གུ་ རྨ་སྐྱོན་ཤུགས་སྦེ་ར་ བྱུང་མི་ལུ་བརྟེན་ གྱོངས་སོ་ནུག།
བྱུང་རྐྱེན་དེ་ ལུང་གཉིས་རྒེད་འོག་ གནསམོ་འབྱོག་གི་ ཉེ་འདབས་ལུ་ འབྲུག་རྒྱལ་དང་ སྤ་རོ་ཁྲོམ་མཐུད་སྦྲེལ་འབད་མི་ འཁོར་ལམ་དེ་ཁར་ བྱུང་ཡོདཔ་ད་ ཚེ་འདས་ཀྱིས་ ལྕགས་ཞྭམོ་བཙུགས་ཡོད་རུང་ འཁོར་ལམ་གུ་ རྦོབ་རིལ་བའི་སྐབས་ ལྕགས་ཞྭམོ་དེ་ བཅགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ འཁོར་ལོ་གཉིསམ་བཱ་ཡེག་དེ་ འཁོར་ལམ་གུ་ བཞག་ཡོད་མི་ ས་རོ་རྡོ་རོ་ཚུ་ལས་ ཟུར་ཐབས་འབད་བའི་སྐབས་ རྦོལ་རིལ་ཡོདཔ་བཟུམ་ཅིག་འདུག་ཟེར་ཨིནམ་ད་ ས་རོ་རྡོ་རོ་ཚུ་ འཁོར་ལམ་བདའ་སྟེ་ བཙོག་གཡུར་གྱི་ ཆུ་དུང་བཙུགས་ནིའི་དོན་ལུ་ ས་དོང་བརྐོ་མི་དེ་ལས་ ཐོན་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ གནསམོ་འབྱོག་ལུ་ སྡོད་མི་ཅིག་གིས་ མོ་རའི་ཁྱིམ་གདོང་ཁ་ལས་ འཁོར་ལམ་བདའ་སྟེ་ བཙོག་གཡུར་གྱི་ ཆུ་དུང་བཙུགས་ནིའི་དོན་ལུ་ ལམ་སེལ་ལས་ཁུངས་ལས་ གནང་བ་ལེན་ཡོད་པའི་ ཤེས་རྟོགས་བྱུང་ནུག།
སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ལམ་སེལ་ལས་ཁུངས་དང་ ས་གནས་ལུ་ སྡོད་མིའི་བར་ན་ ལག་ལེན་ཁ་ཚིག་བཟོ་བའི་ཤུལ་ལས་ ལས་ཁུངས་ཀྱིས་ བཙོག་གཡུར་གྱི་ ཆུང་དུང་བཙུགས་ནིའི་ གནང་བ་སྤྲོད་ཡོདཔ་ཨིན་པས།
ལག་ལེན་ཁ་ཚིག་དེ་ནང་ གནང་བ་ཞུ་མི་དེ་གིས་ ལཱ་འབད་བའི་སྐབས་ ལས་ཁུངས་ལུ་ སྙན་ཞུ་འབད་དགོཔ་མ་ཚད་ ས་དོང་བརྐོ་མི་ལས་ཐོན་མི་ ས་དེ་ཚུ་ ཉེན་སྲུང་ལྡན་པའི་ ངོས་འཛིན་ཅན་གྱི་ ས་ཁོངས་ནང་བཀོ་ནི་ དུས་རྒྱུན་དུ་ འཁོར་ལམ་ཁར་ཡོད་མི་ རག་རོ་ཚུ་སེལ་ནི་ ས་དོང་བརྐོ་ནིའི་ ལཱ་འབདཝ་ད་ ཉེན་བརྡའི་བརྡ་བྱང་ གསལ་སྟོན་འབད་ནི་དང་ ལཱ་འབད་བའི་སྐབས་ ཉེན་སྲུང་ཐོག་ལས་ རྒྱུན་འགྲུལ་འཐབ་བཅུག་ནི་ཚུ་ བཀོད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབདཝ་ད་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ དེ་ཁར་སྡོད་མི་དེ་གིས་ ལམ་སེལ་ལས་ཁུངས་ལུ་ སྙན་ཞུ་འབད་ཡོད་རུང་ བཟོ་རིག་འགོ་དཔོན་ཚུ་གིས་ ལྟ་རྟོག་གི་དོན་ལུ་ ས་ཁོངས་ནང་ མ་འགྱོ་བར་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་བཟུམ་སྦེ་ དེ་ཁར་སྡོད་མི་དེ་གིས་ཡང་ ས་རོ་རྡོ་རོ་ཚུ་ ཉེན་སྲུང་ལྡན་པའི་ ངོས་འཛིན་ཅན་གྱི་ ས་ཁོངས་ནང་ མ་བཀོ་བའི་ཁར་ འཁོར་ལམ་བདའ་སྟེ་ རག་རོ་ཚུ་ མ་བསལ་བར་ཡོདཔ་མ་ཚད་ ལཱ་འབད་སའི་ ས་ཁོངས་དེ་ཁར་ ཉེན་བརྡའི་བརྡ་བྱང་ཡང་ གསལ་སྟོན་མ་འབད་བར་ ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་ནིའི་དོན་ལུ་ དེ་ཁར་སྡོད་མི་དང་ བཟོ་རིག་འགོ་དཔོན་དེ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཙོག་གཡུར་གྱི་ ཆུ་དུང་བཙུགས་ནིའི་དོན་ལུ་ གནང་བ་ལེན་མི་དེ་ལུ་ བག་གཡེང་གི་སྲོག་འཕྲོག་དང་ ཡང་ཅིན་ ཉེས་ཅན་འཚེར་གཟན་གནོད་འགེལ་གྱི་ ཉེས་འཛུགས་འབད་འོང་ཟེར་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༡༠ པ་དང་འཁྲིལཝ་ད་ ཉེས་ཅན་འཚེར་གཟན་གནོད་འགེལ་དེ་ཡང་ རྩོད་ཟླ་ཅིག་གིས་ ཤེས་བཞིན་ནམ་ སྣང་མེད་ཀྱི་ཐོག་ལས་ མི་ངོ་ཅིག་གམ་ མི་མང་གི་ ཉེན་སྲུང་ནང་ འཕྲོད་བསྟེན་དང་ ཧ་ཅང་ནད་གཞི་གདུག་དྲགས་ཚུ་སྤེལ་ཏེ་ ཉེན་འཚུབས་བཀལ་ནིའི་ ཆ་རྐྱེན་བརྩམས་པའམ་ རྒྱུན་སྐྱོང་འཐབ་པ་ཅིན་ རྩོད་ཟླ་དེ་ ཉེས་ཕྲའི་ཉེས་ཁྲིམས་སྨིན་དགོཔ་ཨིན་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག།