སྣུམ་འཁོར་ཊཱག་བཏང་མི་༢༦ གིས་ བྱེམ་བསྐྱལ་དགོ་པ་ཅིན་ ཁྲིམས་སྲུང་འགག་པའི་ ཉོགས་མེད་ལག་ཁྱེར་བཏོན་དགོཔ།

སྣུམ་འཁོར་ཊཱག་བཏང་མི་༢༦ གིས་ དབང་འདུས་རིན་ཆེན་སྒང་ བྱེམ་བཏོན་སའི་ས་ཁོངས་ནང་ལས་ ཐིམ་ཕུག་ལུ་ བྱེམ་སྐྱེལ་འདྲེན་འབད་མ་ཆོགཔ་བཟོ་སྟེ་ ཟླཝ་༢ ལྷགཔ་ཅིག་ལང་ཡོདཔ་ལས་ དེད་གཡོགཔ་མང་ཤོས་ཅིག་ར་ ལཱ་མེད་པར་ འོང་འབབ་ལུ་ཐོ་ཕོག་སྟེ་ ཡོདཔ་ཨིན་པས།

ཁོང་གིས་ བྱེམ་བསྐྱལ་དགོ་པ་ཅིན་ ཁྲིམས་སྲུང་འགག་སྡེ་ལས་ ཉོགས་མེད་ལག་ཁྱེར་དགོཔ་སྦེ་ཨིནམ་ད་ དེ་ཡང་ འཕྲལ་ཁམས་ཅིག་ཁར་ སྣུམ་འཁོར་ཊཱག་བཏང་མི་ཚུ་དང་ བྱེམ་བཀྲམ་སྤེལ་འབད་མི་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་བར་ན་ བྱ་སྟབས་མ་བདེཝ་ ཐོན་པའི་ཤུལ་ལས་ ལས་འཛིན་གྱིས་ བྱེམ་སྐྱེལ་འདྲེན་འབད་དགོ་པ་ཅིན་ ཉོགས་མེད་ལག་ཁྱེར་བཏོན་དགོ་ཟེར་ སླབ་དོ་ཡོདཔ་ཨིན་པས།

དེ་འབདཝ་ད་ ཁོང་གིས་ ཁྲིམས་སྲུང་འགག་པའི་ ཉོགས་མེད་ལག་ཁྱེར་ཡང་ བཏོན་མ་ཚུགས་པར་ཡོདཔ་ད་ དེ་ཡང་ གནད་དོན་དེ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ ཡོད་ནི་དེ་གིས་ཨིན་པས།

ཊཱག་བཏང་མི་ཚུ་གིས་ སླབ་མིའི་ནང་ བྱེམ་སྐྱེལ་འདྲེན་འབད་མ་ཆོགཔ་ བཟོ་བའི་ཤུལ་ལུ་ ལ་ལོ་ཅིག་གིས་ སྣུམ་འཁོར་ཉོ་བའི་སྐབས་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་མིའི་ ཟླ་རིམ་གྱི་བཙུགས་རིམ་ཡང་ འཐོན་མ་ཚུགས་པར་ ལཱ་ཁག་རྐྱབ་སྟེ་ཡོད་ཟེར་ཨིན་པས།

ལས་འཛིན་དང་ ཊཱག་བཏང་མི་ཚུ་གི་བར་ན་ བྱ་སྟབས་མ་བདེཝ་དེ་ དུས་ཅི་ སྤྱི་ཟླ་དང་པ་ལས་ ཐོན་ཡོདཔ་ད་ དེ་ཡང་ དབང་འདུས་ལས་ ཐིམ་ཕུག་ཚུན་ བྱེམ་སྐྱེལ་འདྲེན་འབད་མི་ གླ་ཆ་དེ་ ལས་འཛིན་གྱིས་ མར་ཕབ་རྐྱབ་པའི་སྐབས་ ཊཱག་བཏང་མི་ཚུ་གིས་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ བྱུང་ནུག།

ཊཱག་བཏང་མི་ཅིག་གིས་ སླབ་མིའི་ནང་ བྱེམ་སྐྱེལ་འདྲེན་གྱི་ལམ་ལུགས་ བསྒྱུར་བཅོས་འབད་ཐོག་ལས་ སྐྱེལ་འདྲེན་གྱི་གླ་ཆ་དེ་ བྱེམ་ཊཱག་རེ་ སྐྱེལ་འདྲེན་འབདཝ་ དངུལ་ཀྲམ་༡,༠༠༠ མར་ཕབ་འབད་མི་དེ་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།

དེ་མ་ཚད་ ཧེ་མའི་ལམ་ལུགས་དང་འཁྲིལ་བ་ཅིན་ བྱེམ་དེ་ མི་ག་ལུ་བསྐྱལ་རུང་ ཉོ་མི་དེ་ལས་ སྐྱེལ་འདྲེན་གྱི་གླ་ཆ་ ཐད་ཀར་དུ་ ལེན་ཆོགཔ་ཨིན་རུང་ ད་རེས་ཀྱི་ ལམ་ལུགས་དང་འཁྲིལ་བ་ཅིན་ སྐྱེལ་འདྲེན་གྱི་གླ་ཆ་དེ་ ཉོ་མི་ལས་མེན་པར་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་བརྒྱུད་དེ་ ལེན་ནིའི་ལམ་ལུགས་བཟོ་བའི་ཁར་ ད་རུང་ སྐྱེལ་འདྲེན་གྱི་འཐུས་ལས་ བརྒྱ་ཆ་༡ ལས་འཛིན་གྱིས་ ལེན་བཞག་པའི་སྐབས་ ཁེ་རྒུད་རྩ་ལས་ མི་བཏུབ་པས་ཟེར་ཨིན་པས།

གནད་དོན་དེའི་སྐོར་ལས་ ཊཱག་བཏང་མི་ཚུ་གིས་ སོ་ནམ་བློན་པོ་དང་ བློན་ཆེན་ལུ་ ཞུ་གཏུགས་འབད་རུང་ ངོས་ལེན་ལེགས་ཤོམ་མ་གནངམ་ལས་ ཁོང་གིས་ བྱེམ་བསྐྱལ་མ་བཏུབ་པར་ ཉིནམ་༢ དེ་ཅིག་ མཚམས་འཇོག་འབད་བཞག་ཅི་ཟེར་ ཊཱག་བཏང་མི་ཅིག་གིས་བཤད་ཅི།

དེ་འབདཝ་ལས་ གནད་དོན་དེ་ ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་འབད་དོ་ཡོདཔ་ལས་ གལ་སྲིད་ བྱེམ་བསྐྱལ་དགོ་པ་ཅིན་ ཉོགས་མེད་ལག་ཁྱེར་དགོ་ཟེར་ ལས་འཛིན་གྱི་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ཨིན་པས།

རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ བཀོད་ཚོགས་གཙོ་འཛིན་ བསོད་ནམས་དབང་ཕྱུག་གིས་འབད་བ་ཅིན་ མ་གཞི་ ཊཱག་བཏང་མི་༢༦ གིས་ བྱེམ་སྐྱེལ་འདྲེན་འབད་མ་བཏུབ་རུང་ བྱེམ་དེ་ ཨ་རྟག་ག་ཨིནམ་སྦེ་ར་ ཚོང་འབྲེལ་འཐབ་དོ་ཟེར་ཨིནམ་ད་ ཁོང་གིས་ བྱེམ་བསྐྱལ་དགོ་པ་ཅིན་ ཉོམས་མེད་ལག་ཁྱེར་ ངེས་བདེན་དགོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྐྱེལ་འདྲེན་གྱི་གླ་ཆ་ ཊཱག་རེ་ལུ་ དངུལ་ཀྲམ་༡,༠༠༠ མར་ཕབ་འབད་མི་དེ་ཡང་ མར་ཁུའི་གོང་ཚད་མར་བབས་སོང་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ དེ་བཟུམ་གྱི་ ལམ་ལུགས་བཟོ་མི་དེ་ཡང་ འོས་འབབ་དང་བསྟུན་ཏེ་ ཨིན་ཟེར་བའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *