དབང་འདུས་དང་ རྩི་རང་གི་ གཞུང་ལམ་དེ་ ཟ་ཝ་ཁ་དང་ རྐ་མེད་ཆུའི་བར་ན་ ལམ་མི་ཊར་༧༠༠ དེ་ཅིག་ སྤུ་ན་གཙང་ཆུ་ནང་བྱིམ་ཡོདཔ་ཨིན་པས།

སྣུམ་འཁོར་ཊཱག་དང་སྦྲགས་ ལས་མི་༤ འཕྱགས་བདའ་མི་ཚུ་ འཚོལ་བའི་བསྒང་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༧ ལུ་ ཆུ་རུད་ཀྱིས་ རྩི་རང་དང་ དབང་འདུས་ཕོ་བྲང་གི་གཞུང་ལམ་བདའ་སྟེ་ སྤུ་ན་གཙང་ཆུ་༢ པའི་གློག་མེ་ལས་འགུལ་དབང་འཛིན་གྱི་ སྣུམ་འཁོར་ཊཱག་༡ དང་སྦྲགས་ ལས་མི་༤ འཕྱགས་བདའ་མི་ཚུ་ འཚོལ་ཞིབ་འབད་ནི་དང་ རག་རོ་ཚུ་ སེལ་ནིའི་དོན་ལས་ ཁ་ཙ་ཚུན་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་༡༨ དང་ ས་བརྐོ་འཕྲུལ་ཆས་༧ བགོ་བཀྲམ་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༦ གི་ནུབ་མོར་ དབང་འདུས་བྱ་རི་སྒང་ལུ་ ཕང་དུ་རོང་ཆུ་བྲེས་ཏེ་ ཆུ་རུད་ཐོནམ་ད་ རག་རོ་ཚུ་ འཕྱགས་བདའ་འོང་མི་ལུ་བརྟེན་ སྤུ་ན་གཙང་ཆུའི་ ཆུ་ལམ་ངོ་མ་དེ་ བསུབས་པའི་ཤུལ་ལུ་ གཙང་ཆུ་ཁ་བསྒྱུར་ཏེ་ གཞུང་ལམ་ཁ་ཐུག་ལུ་ འོང་ཡོདཔ་ཨིན་པས།
དབང་འདུས་ཕོ་བྲང་གི་རྫོང་བདག་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ གཞུང་ལམ་བདའ་སྟེ་ རྡོ་སྦོམ་དང་ རག་རོ་ཚུ་གིས་ གང་ཡོདཔ་ལས་ དེ་ཚུ་ སེལ་ཚུགས་པར་ ལཱ་ཁག་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ནི་ལུ་ ད་རུང་ ཉིནམ་༤ དང་༥ དེ་ཅིག་ འགོར་ནི་མས་ཟེར་ཨིན་པས།
རྫོང་བདག་གིས་འབད་བ་ཅིན་ གཞུང་ལམ་མི་ཊར་༧༠༠ དེ་ཅིག་ གཙང་ཆུའི་འོག་ལུ་ ཚུད་ཡོདཔ་མ་ཚད་ གཙང་ཆུ་དེ་ ཧེ་མའི་ཆུ་ལམ་ཁར་ ལོག་ཁ་བསྒྱུར་གཏང་ནི་ལུ་ དུས་ཚོད་འགོར་ནི་མས་ཟེར་ཨིན་པས།
དབང་འདུས་དང་ རྩི་རང་གི་ གཞུང་ལམ་དེ་ ཟ་ཝ་ཁ་དང་ རྐ་མེད་ཆུའི་བར་ན་ ལམ་མི་ཊར་༧༠༠ དེ་ཅིག་ སྤུ་ན་གཙང་ཆུ་ནང་བྱིམ་ཡོདཔ་ལས་ སྤྱི་ཟླ་༨ པའི་ཚེས་༧ ལས་ སྣུམ་འཁོར་རྒྱུན་འགྲུལ་འབད་ནི་ཚུ་ བཀག་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་བྲེས་མི་དེ་གིས་ སྤུ་ན་གཙང་ཆུ་༢ པའི་ལས་འགུལ་གྱི་ ལཱ་འབད་མི་ ལས་མི་༤ འབད་མི་ སྣུམ་འཁོར་ཊཱག་ཅིག་ འཕྱགས་བདའ་ཡོདཔ་མ་ཚད་ ཇེ་པི་བཟོ་སྐྲུན་ལས་སྡེའི་ སྣུམ་འཁོར་ཆུང་བ་ཅིག་དང་ བོ་མར་ཊཱག་ཅིག་ དེ་ལས་ ཆུ་འབག་མི་ཊཱག་ཅིག་ མེདཔ་བཏང་པའི་ཁར་ འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་གའི་ པཱལ་སར་བ་ཡེག་ཅིག་ཡང་ མེདཔ་བཏང་ནུག།
ད་རུང་ ཆུ་རུད་དེ་གིས་ བེལ་ལས་སྡེའི་མཛོད་ཁང་ནང་ དངུལ་ཀྲམ་ཐེར་འབུམ་༧.༥ དེ་ཅིག་གནས་པའི་ གློག་ཆས་དང་ འཕྲུལ་ཆས་ཚུ་ མེདཔ་བཏང་པའི་ཁར་ ཇེ་པི་བཟོ་སྐྲུན་ལས་སྡེའི་ བའོ་སྒྲིག་འཕྲུལ་ཁང་ཅིག་ཡང་ མེདཔ་བཏང་ཡོདཔ་ཨིན་པས།
རྩི་རང་རྫོང་ཁག་ལས་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་ཚུ་ཡོད་མི་ སྲོག་སྐྱབས་སྡེ་ཚན་གྱིས་ ལས་མི་༤ དང་ སྣུམ་འཁོར་ཊཱག་འཕྱགས་བདའ་མི་ཚུ་ འཚོལ་བའི་བསྒང་ཡོདཔ་ད་ རྫོང་རབ་རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ ཁ་ཙ་ སྤུ་ན་གཙང་ཆུ་༢ པའི་ལས་འགུལ་གྱི་ ས་ཁོངས་ནང་ གཙང་ཆུའི་མཐའ་མ་ལས་ སྣུམ་འཁོར་གྱི་ སྒྲ་འཛིན་འཕྲུལ་ཆས་ཅིག་དང་ སྒྲོམ་ཅིག་ཐོབ་ནུག་ཟེར་ཨིན་པས།
ཆརཔ་རྒྱུན་ཆད་མེད་པར་ རྐྱབ་མི་དེ་གིས་ སྲོག་སྐྱབས་དང་ ལམ་སེལ་གྱི་ ལཱ་ཚུ་ལུ་ བར་ཆད་རྐྱབ་ནི་གི་ ཚ་གྱང་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཆུ་རུད་དེ་ ག་དེ་སྦེ་ ཐོན་ཡོདཔ་ཨིན་ན་ ཏན་ཏན་སྦེ་ ཤེས་རྟོགས་མེད་རུང་ རྫོང་ཁག་འགོ་དཔོན་དང་ ས་གནས་ཀྱི་ མི་ཚུ་གི་ དོགས་པ་ལས་འབད་བ་ཅིན་ ཕང་དུ་རོང་ཆུའི་ལྟག་ལུ་ ཆརཔ་གིས་ ངོ་མ་མེན་པའི་ མཚོ་ཅིག་ཆགས་ཡོད་མི་དེ་ སྤྱི་ཟླ་༨ པའི་ཚེས་༦ གི་ནུབ་མོར་ ཆརཔ་ཤུགས་སྦེ་རྐྱབ་ད་ བཅོས་མའི་མཚོ་དེ་ རྦད་སོང་མི་ལུ་བརྟེན་ ཆུ་རུད་ཐོན་ཡོདཔ་འོང་ནི་མས་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *