ནར་ཕུང་ལུ་ ཐུག་རྐྱུན་བྱུང་སའི་ས་ཁོངས།

སྣུམ་འཁོར་ཊཱག་ཅིག་ རྦོབ་རིལ་མིའི་ནང་ དེད་གཡོགཔ་ལུ་ཤི་རྐྱེན།

༉ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་ བསམ་གྲུབ་ལྗོངས་མཁར་ ནར་ཕུང་གི་ལྟག་ལུ་ ཤིབ་མཱན་དིར་ལྷ་ཁང་གི་ ཉེ་འདབས་ལུ་ སྣུམ་འཁོར་ཊི་པར་ཊཱག་ཅིག་ རྦོབ་རིལ་ཡར་སོཔ་ལས་ སྐྱེས་ལོ་༣༣ ལང་མི་ དེད་གཡོགཔ་དེ་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།
ཤིཕ་མཱན་དིར་དེ་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༦༡ དེ་ཅིག་གི་ ས་ཁར་ཡོདཔ་ད་ རྐྱེན་ངན་དེ་ དྲོ་པའི་ཆུ་ཚོད་༡༡ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ལུ་འགྱོཝ་ད་བྱུང་ནུག།
གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ཊཱག་དེ་ འཁོར་ལམ་གྱི་འོག་ལུ་ མི་ཊར་༤༠༠ དེ་ཅིག་ རྦོབ་རིལ་ཡོདཔ་མ་ཚད་ ཚེ་འདས་དེད་གཡོགཔ་དེ་ ཐོདཔ་དང་ཀླདཔ་ལུ་ རྨ་སྐྱོན་སྦོམ་བྱུང་པའི་ཁར་ གཟུགས་ཁ་ལས་ ཁྲག་ལེ་ཤ་འཛགས་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
མཐོང་མི་ཚུ་གིས་ སླབ་མིའི་ནང་ གཞུང་ལམ་དེ་ སྦོམ་སྦེ་ཡོད་རུང་ ཐུག་རྐྱེན་ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་རུང་ ཤུགས་ཚད་ལས་བརྒལ་ བཏང་མི་ལུ་བརྟེན་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ བྱུང་རྐྱེན་སྐབས་ ཚེ་འདས་ཁོ་ར་རྐྱངམ་གཅིག་ཨིན་པས།
ཚེ་འདས་དེད་གཡོགཔ་དེ་ བཀྲིས་སྒང་སྦིས་མཁར་ལས་ཨིན་པས།
ལམ་འགྲུལ་འབད་མི་ཚུ་གིས་ སླབ་མིའི་ནང་ ནར་ཕུང་དང་ མེ་ལོང་བྲག་གཞུང་ལམ་དེ་ ས་སྨུག་སྤུབས་ཏེ་ར་ སྡོད་དོ་ཡོད་པའི་ཁར་ ད་ལྟོ་ གཞུང་ལམ་དེ་ཡང་ རྒྱ་སྐྱེད་འབད་བའི་བསྒང་ཡོདཔ་ལས་ ལམ་དག་པ་ཅིག་ རྒྱ་ཆུང་ཀུ་ཡོད་མི་ལུ་བརྟེན་ དེ་ཁ་ལས་ རྒྱུན་འགྲུལ་འཐབ་པའི་སྐབས་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ གཏང་ནི་ལས་ འཛེམ་དགོ་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེད་གཡོགཔ་ཚུ་གིས་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་ གཏང་ནི་དང་ ཆང་འཐུང་སྟེ་གཏང་ནི་ དེ་ལས་ གནམ་ནུབ་མོ་རྒྱུན་འགྲུལ་འཐབ་ནི་ལས་ འཛེམ་དགོཔ་མ་ཚད་ དྲན་ཤེས་ཀྱི་ཐོག་ལས་ གཏང་དགོ་ཟེར་ཨིན་པས།
དེད་གཡོགཔ་ཚུ་གིས་ སླབ་མིའི་ནང་ ས་ཁོངས་དེ་ནང་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུངམ་ལས་ ལས་འགུལ་ཌཱན་ཊཱག་དང་ ལམ་སེལ་ལས་ཁུངས་ལ་སོགས་པ་ཚུ་གིས་ ས་བཅུད་བུམ་གཏེར་ཚུ་བཙུགས་ཏེ་ དེ་བཟུམ་མའི་ བྱུང་རྐྱེན་ཚུ་གི་ སྔོན་འགོག་གི་ ཐབས་ལམ་ཚུ་ བཏོན་དགོ་པའི་ དུས་ཚོད་གུ་ ལྷོད་ཅི་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྐྱེན་ངན་བྱུང་མི་དེ་ལུ་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *