༉ འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྣུམ་འཁོར་གྱི་སྐྱིན་འགྲུལ་ བརྒྱ་ཆ་༣༠ ལས་བརྒལ་ བྱིན་མི་ཆོག་ཟེར་ གསལ་བསྒྲགས་འབད་མི་དེ་ཡང་ རྒྱལ་ཁབ་ནང་ སྣུམ་འཁོར་ཚད་འཛིན་འབད་ནིའི་ ཐབས་ལམ་ཅིག་ཨིན་མས།
དེ་འབདཝ་ལས་ དངུལ་ཁང་ཚུ་གིས་ སྣུམ་འཁོར་ཉོ་མི་ཚུ་ལུ་ སྣུམ་འཁོར་གྱི་ གོང་ཚད་ལས་ བརྒྱ་ཆ་༣༠ རྐྱངམ་གཅིག་ སྐྱིན་འགྲུལ་བྱིན་ནི་ཨིནམ་ད་ ལྷག་ལུས་བརྒྱ་ཆ་༧༠ དེ་ རང་གིས་ བཏོན་དགོཔ་ཨིན་མས།
ད་རེས་ནངས་པར་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ སྤ་རོ་ལ་སོགས་པའི་ ཁྲོམ་ཚུ་ནང་ བལྟ་བ་ཅིན་ སྣུམ་འཁོར་ཚུ་ ཚད་ལས་བརྒལ་ཏེ་ཡོདཔ་ལས་ དྲོ་པར་ཡིག་ཚང་ནང་དང་ ཕྱི་རུ་ཁྱིམ་ནང་འགྱོ་བའི་ དུས་ཚོད་ཁར་ སྣུམ་འཁོར་གྱལ་བསྣར་ཏེ་ དུས་ཡུན་སྐར་མ་༣༠ ལས་༥༠ གི་བར་ན་ བསྒུག་དགོཔ་ཐོནམ་ད་ དབུགས་འགམ་པའི་ གཞི་གནད་ཅིག་ལུ་གྱུརཝ་མས།
དེ་འབདཝ་ལས་ ད་རེས་ དབང་འཛིན་གྱིས་ སྐྱིན་འགྲུལ་གྱི་ ཚད་གཞི་མར་ཕབ་འབད་མི་དེ་གིས་ སྣུམ་འཁོར་གྱི་ གྱངས་ཁ་ཚད་འཛིན་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ ཐིམ་ཕུག་ལུང་ཕྱོགས་ནང་ སྣུམ་འཁོར་༤༦,༠༢༤ དང་ ཕུན་ཚོགས་གླིང་ལུང་ཕྱོགས་ནང་༣༡,༣༧༩ དགེ་ལེགས་ཕུག་ལུང་ཕྱོགས་ནང་༥,༣༩༤ བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ནང་༤,༨༢༠ དེ་ལས་ མོང་སྒར་ལུང་ཕྱོགས་ནང་༡,༢༨༧ འབདཝ་ད་ རྒྱལ་ཁབ་ནང་ སྣུམ་འཁོར་བསྡོམས་༨༨,༩༠༤ ལྷགཔ་ཅིག་ཡོདཔ་ལས་ འབྲུག་གི་མི་རློབས་འབུམ་༧ དེ་ཅིག་ཡོད་མི་ལུ་ དཔྱ་བགོ་རྐྱབ་པ་ཅིན་ མི་༧ ལུ་ སྣུམ་འཁོར་རེ་ཡོདཔ་ཨིན་མས།
དེ་གི་ནང་དོན་ཉིད་ལས་ སྣུམ་འཁོར་མང་ཤོས་ར་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ལུང་ཕྱོགས་༢ ནང་ཡོདཔ་ད་ རྫོང་ཁག་གཞན་ཚུ་ནང་འབད་བ་ཅིན་ སྣུམ་འཁོར་གྱི་ གྱངས་ཁ་ཚད་དང་ལྡནམ་སྦེ་འདུག།
མཐའ་ཟུར་གྱི་རྫོང་ཁག་ གཞལམ་སྒང་དང་ པདྨ་དགའ་ཚལ་ བཀྲིས་གཡང་རྩེ་ལ་སོགས་པ་ཚུ་ནང་ གླ་འཁོར་གྱི་ ཞབས་ཏོག་ཡང་ ལེགས་ཤོམ་མེདཔ་ལས་ མི་ཚུ་ ཕར་ཚུར་རྒྱུན་འགྲུལ་འཐབ་ད་ སྣུམ་འཁོར་མ་ཐོབ་པར་ དུས་ཡུན་ལེ་ཤ་ བསྒུག་དགོ་དོ་ཡོདཔ་ཨིན་མས།
དེ་སྦེ་ལྟཝ་ད་ སྣུམ་འཁོར་གྱི་དོན་ལུ་ སྐྱིན་འགྲུལ་མར་ཕབ་འབད་བའི་ ཕན་པ་དང་ གནོད་པ་གཉིས་ཆ་ར་ཡོད་མི་དེ་ཡང་ སྣུམ་འཁོར་མངམ་ཡོད་མི་ ཁྲོམ་སྡེ་ཚུ་ནང་ ཚད་འཛིན་འབད་ཚུགས་ནི་ཨིན་རུང་ སྣུམ་འཁོར་མཁོ་གལ་ཡོད་པའི་ མཐའ་ཟུར་རྫོང་ཁག་ཚུ་ནང་ འོང་འབབ་ཆུང་མི་ཚུ་གིས་ སྣུམ་འཁོར་ཉོ་མི་ཚུགས་ནི་བཟུམ་མཐོངམ་མས།
དེ་འབདཝ་ལས་ སྣུམ་འཁོར་ཚད་འཛིན་འབད་ནིའི་དོན་ལུ་ ཁྲོམ་གྱི་འགྲུལ་འཁོར་བཱསི་ ག་དེ་མང་མང་ ཡར་སེང་འབད་དེ་ ལམ་འགྲུལཔ་ཚུ་ལུ་ ཞབས་ཏོག་དེ་ ནམ་དགོཔ་ཅིག་ འགྱོ་ཆོག་ཆོ་བཟོ་བ་ཅིན་ སྒེར་འཁོར་འཆང་སྤྱོད་འབད་མི་ རང་བཞིན་གྱིས་ར་ འབབ་འགྱོ་འོང་།
དེ་བཟུམ་མའི་ ཞབས་ཏོག་དེ་ གོང་འཕེལ་ཐལ་མི་ རྒྱལ་ཁབ་མང་ཤོས་ཅིག་ནང་ཡོདཔ་ད་ མ་གཞི་ བཟའ་ཚང་མང་ཤོས་ཅིག་ལུ་ སྣུམ་འཁོར་༢ ལས་ལྷག་སྟེ་ཡོད་རུང་ སྣུམ་འཁོར་བཀག་ཐོགས་ཀྱི་ དཀའ་ངལ་ལུ་བརྟེན་ མི་ཚུ་གིས་ རང་སོའི་སྣུམ་འཁོར་ཚུ་བཞག་སྟེ་ མི་མང་སྐྱེལ་འདྲེན་ཚུ་ ལག་ལེན་འཐབ་ཨིན་མས།
དེ་མ་ཚད་ གླ་འཁོར་གྱི་འཐུས་ ཚད་འཛིན་འབད་བ་ཅིན་ མི་ཚུ་གིས་ གླ་འཁོར་ལག་ལེན་འཐབ་ནིའི་ གོ་སྐབས་ཡོདཔ་ལས་ ཐད་ཀར་དུ་ ཁྲལ་ཡར་སེང་འབད་ནི་དང་ སྐྱིན་འགྲུལ་གྱི་མཐུན་རྐྱེན་ ཚད་འཛིན་འབད་ནི་མེན་པར་ གོང་གསལ་ཐབས་ལམ་ཚུ་ལུ་ གཙོ་རིམ་བཟུང་དགོ་ཟེར་ ཞུ་ནི་ཨིན།
Check Also
བཀའ་རྒྱ་ཁྱོམ་གྱིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཆ་རོགས་འབད་ནི།
༉ ཐིམ་ཕུག་ བཀའ་རྒྱ་ཁྱོམ་ནང་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་ཁུངས་ཀྱི་ རང་བཞིན་སོ་ནམ་དང་སྒོ་ནོར་ཐོན་སྐྱེད་བཙོང་ཁང་གིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས། དེ་ཡང་ དར་དཀར་དཔལ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ དར་དཀར་སོ་ནམ་ཐོན་སྐྱེད་སྡེ་ཚན་གྱི་ རྒྱ་སྐྱེད་བཙོང་ཁང་བཟུམ་ཅིག་ཨིནམ་ད་ …