སྣུམ་འཁོར་གྱི་རྒྱུན་འགྲུལ་ལུ་ བཀག་ཐོགས་ལུས་པའི་དཀའ་ངལ།

༉ ཐིམ་ཕུག་གི་ བྱང་ཕྱོགས་ཁ་ཐུག་ལུ་སྡོད་མི་ཚུ་ དྲོ་པ་ཡིག་ཚང་འགྱོ་ནི་དང་ ཨ་ལོ་ཚུ་ སློབ་གྲྭ་ནང་བསྐྱལ་ནི་ དེ་ལས་ ཕྱི་རུ་ལོག་འོངམ་ད་ ལམ་བདའ་སྟེ་ སྣུམ་འཁོར་བཀག་ཐོགས་ལུས་མི་ལུ་བརྟེན་ དབུགས་འགམ་བྱུང་དོ་ཡོདཔ་ཨིན་པས།

དེ་ཡང་ འབྱུང་བཞི་ནང་དང་ ཧེ་ཇོ་ སྤམ་ཚོ་ བདེ་ཆེན་ཆོས་གླིང་ དེ་ལས་ རྟ་བབ་གི་ས་ཁོངས་ཚུ་ནང་ལས་ ཐིམ་ཕུག་ཁྲོམ་ནང་འཁོད་དང་ རིན་ཆེན་ཀུན་ཕན་ ལྕང་བང་གྲུ་ མུ་ཏིག་ཐང་ དབྱངས་ཅན་ཕུག་ ལྕང་ཟམ་ཏོག་ བཀྲིས་ཆོས་རྫོང་ དེ་ལས་ ལྷན་ཁག་དང་ལས་ཁུངས་ ཡིག་ཚང་ནང་འགྱོ་མི་ཚུ་དང་ སློབ་གྲྭ་ནང་ ཨ་ལོ་བསྐྱལ་བར་ དྲོ་པའི་ཆུ་ཚོད་༧ ལས་ འགོ་བཙུགསཔ་ཨིན་པས།

ཨིན་རུང་ རྒུན་འགྲུལ་བཀག་ཐོགས་ལུས་མི་ལུ་བརྟེན་ ཨ་ལོ་ཚུ་ སློབ་གྲྭའི་དུས་ཚོད་ལུ་ ལྷོད་མ་ཚུགས་པའི་ཁར་ ཡིག་ཚང་ནང་འགྱོ་མི་ཚུ་ དུས་ཚོད་ལུ་ ལྷོད་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༢༦ ལང་མི་ བསོད་ནམས་སྒྲོལ་མ་གིས་ དྲོ་པའི་ཆུ་ཚོད་༨ ལས་ འབྱུང་བཞི་ནང་ལས་ ལྕང་ཟམ་ཏོག་ལུ་ འགྲོ་འགྲུལ་འབད་བའི་སྐབས་ ཨ་རྟག་བཟུམ་སྦེ་ འབྱུང་བཞི་ནང་ལས་ ཕྲང་སྟེ་ འགྱོ་འགྲུལ་འབད་མ་ཚུགས་ནི་དེ་གིས་ གླང་རྒྱུག་ཕར་ཁའི་ལམ་བདའ་སྟེ་ འགྲུལ་སྐྱོད་འབད་དགོཔ་བྱུང་ནི་དེ་གིས་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་འགོར་ནི་དེ་གིས་ ཡིག་ཚང་གི་དུས་ཚོད་ཁར་ ལྷོད་མི་ཚུགས་དོ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ དྲོ་པའི་ཆུ་ཚོད་ཕྱེད་དང་༨ ལུ་ ཕུན་ཚོགས་ཀྱིས་ རིན་ཆེན་ཀུན་ཕན་སློབ་གྲྭ་ཆུང་བའི་ནང་ ཨ་ལོ་བསྐྱལ་བར་འགྱོཝ་ད་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ འགོར་ནི་དེ་གིས་ སློབ་སྟོན་དང་པ་རྫོགས་ཏེ་ སློབ་སྟོན་༢ པའི་ནང་ ལྷོད་དོ་ཡོདཔ་ད་ མོ་རང་ཡང་ ཡིག་ཚང་གི་ དུས་ཚོད་ཁར་ ལྷོད་མི་ཚུགས་དོ་ཡོདཔ་ཨིན་པས།

སྣུམ་འཁོར་རྒྱུན་འགྲུལ་བཀག་ཐོགས་ལུས་མིའི་ གནད་དོན་གཙོ་བོ་ར་ གཟི་ལུང་ཁ་དང་ ཧེ་ཇོའི་བར་ན་ ལམ་རྒྱ་སྐྱེད་ཀྱི་དོན་ལུ་ རྒྱུན་འགྲུལ་བཀག་ཆ་འབད་མི་དེ་ཨིནམ་ད་ ཐིམ་ཕུག་ཁྲོམ་སྡེ་ལས་ ཁྱབ་བསྒྲགས་འབད་མིའི་ནང་ སྟབས་གཅིག་ཁར་ སྣུམ་འཁོར་༤ རྒྱུན་འགྲུལ་འབད་ཚུགས་པའི་ འཁོར་ལམ་དེ་ བཟོ་སྐྲུན་འབད་མི་ལུ་བརྟེན་ བཀག་ཆ་འབདཝ་ཨིན་ཟེར་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ལྟ་རྟོག་སྡེ་ཚན་གྱི་ སྡེ་འཛིན་རྣམ་རྒྱལ་གྱིས་ སླབ་མིའི་ནང་ རྒྱལ་ས་ལྟེ་བ་ལུ་ སྣུམ་འཁོར་ཚུ་ འཇམ་ཏོང་ཏོ་སྦེ་ རྒྱུན་འགྲུལ་འཐབ་མ་ཚུགས་མི་དེ་ཡང་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

གནད་དོན་གཞན་མི་དེ་ སྣུམ་འཁོར་ལམ་༡ ལས་ སྣུམ་འཁོར་ཕར་ཚུར་འགྱོ་མི་ སྣུམ་འཁོར་༣ དང་༤ འདུག་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ནོར་འཛིན་ལམ་དང་ མཆོད་རྟེན་ལམ་ དེ་ལས་ རྫོགས་ཆེན་ལམ་ཚུ་ཨིན་པའི་ཁར་ སྡེ་འཛིན་དང་འཁྲིལ་བ་ཅིན་ སྣུམ་འཁོར་ཐོགས་ལུས་པའི་ གནད་དོན་ལེ་ཤ་ཡོད་ཟེར་ཨིན་པས།

ལོ་བསྟར་གྱི་ བརྡ་དོན་བརྒྱུད་འབྲེལ་དང་ སྐྱེལ་འདྲེན་རྩིས་དཔྱད་དུས་དེབ་༢༠༢༡ དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༢༠ ལུ་ སྣུམ་འཁོར་༡༡༢,༠༥༨ ཐོ་བཀོད་འབད་མི་དེ་ སྤྱི་ལོ་༢༠༡༩ དང་འཁྲིལཝ་ད་ བརྒྱ་ཆ་༥ ཡར་སེང་སོང་ནུག་ཟེར་ཨིན་པས།

སྤྱི་ལོ་༢༠༢༠ ལུ་ སྣུམ་འཁོར་ཆུང་བ་༣,༧༤༣ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་དང་འཁྲིལཝ་ད་ བརྒྱ་ཆ་༥.༤ ཡར་སེང་སོང་ནུག་ཟེར་ཨིན་པས།

ཐིམ་ཕུག་ཁྲོམ་སྡེའི་ ཁྲོམ་སྡེ་འཆར་གཞི་གཙོ་འཛིན་ འཕྲིན་ལས་ནོར་བུ་གིས་ སླབ་མིའི་ནང་ གཟི་ལུང་ཁ་དང་ ཧེ་ཇོ་བར་ནའི་ འཁོར་ལམ་བཟོ་སྐྲུན་འབད་མི་དེ་ མཇུག་བསྡུ་བའི་ཤུལ་ལས་ དཀའ་ངལ་ལེ་ཤ་ཅིག་ར་ མར་ཕབ་ཚུགས་ཟེར་ཨིན་པས།

གཙོ་འཛིན་གྱིས་འབད་བ་ཅིན་ ཐིམ་ཕུག་གི་ བཟོ་བཀོད་འཆར་གཞི་དང་འཁྲིལ་ ཁྲོམ་སྡེ་གོང་འཕེལ་ལས་སྣ་ཚུ་ འགོ་འདྲེན་འཐབ་དགོ་ནི་དེ་གིས་ ལོ་ཕྱེད་དང་༢ དེ་ཅིག་ རྒྱུན་འགྲུལ་བཀག་ཐོགས་ལུས་པའི་ གནས་སྟངས་དེ་ དེ་སྦེ་ར་སྡོད་འོང་ཟེར་ཨིན་པས།

ཁྲོམ་སྡེའི་ འགྲུལ་འཁོར་བཱསི་ཞབས་ཏོག་གི་ མདོ་ཆེན་ངོ་ཚབ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ འཁོར་ལམ་གསརཔ་ཚུ་ བཟོ་སྐྲུན་འབད་བའི་ཤུལ་ལས་ མི་མང་སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་སྤྱོད་ནིའི་ལམ་ལུགས་ཡང་ སོར་ཞིནམ་ལས་ ཞབས་ཏོག་ལེགས་ཤོམ་སྦེ་ ཕུལ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *