སྣུམ་འཁོར་གྱི་ཡིག་ཆ་ བསྐྱར་གསོ་འབད་ནིའི་དུས་ཡུན་ ཕར་འགྱངས་འབད་ཡོདཔ།

༉ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་གྱི་ཡིག་ཆ་ཚུ་ བསྐྱར་གསོ་འབད་ནི་ཚུ་ དུས་ཡུན་ ཟླཝ་༢ ཕར་འགྱངས་འབད་ཡོད་མི་དེ་ཡང་ ནད་ཡམས་ཀྱི་གནས་སྟངས་ནང་ མི་སྤུངས་འཛོམས་ མར་ཕབ་རྐྱབ་ནིའི་དོན་ལུ་ཨིན་པས།

ཉིན་བསྟར་བཞིན་དུ་ མི་གྲངས་༢༠༠ དེ་ཅིག་གིས་ སྣུམ་འཁོར་ཐོ་བཀོད་འབད་ནི་དང་ གནས་སྟངས་བརྟག་ཞིབ་འབད་ནི་ དེ་ལས་ དེད་གཡོག་ཆོག་ཐམ་གྱི་དོན་ལུ་ ལྕང་གླིང་མི་ཐང་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ འོང་དོ་ཡོདཔ་ཨིན་པས།

ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ མདོ་ཆེན་བཀྲིས་ཟླ་བ་གིས་ སླབ་མིའི་ནང་ སྣུམ་འཁོར་གྱི་ཇོ་བདག་ཚུ་གིས་ སྣུམ་འཁོར་གྱི་ཡིག་ཆ་ཚུ་ དུས་ཚོད་ཁར་ བསྐྱར་གསོ་འབད་མ་ཚུགས་པའི་ ཚ་གྱང་ལང་དོ་ཡོདཔ་ལས་ སྤྱི་ཟླ་༣ པའི་ཚེས་༣༡ ཚུན་ ཕར་འགྱངས་འབད་ཡི་ཟེར་ཨིན་པས།

ནད་ཡམས་ཀྱི་སྐབས་ འཛོམས་འདུ་རུག་རུ་མི་འབད་ནི་དང་ མི་མང་ལུ་ ཞབས་ཏོག་ལེགས་ཤོམ་བྱིན་ཐབས་ལུ་ ལྕང་གླིང་མི་ཐང་ནང་ ཡིག་ཆ་བསྐྱར་གསོ་འབད་ནི་དང་ སྣུམ་འཁོར་བརྟག་ཞིབ་འབད་དོ་ཡོདཔ་ད་ ལུང་ཕྱོགས་ཡིག་ཚང་ལྟེ་བའི་ནང་ སྣུམ་འཁོར་གསརཔ་ ཐོ་བཀོད་འབད་མི་ཚུ་གི་དོན་ལུ་ ཨིན་ཟེར་ཨིན་པས།

མི་སེར་གྱི་ དགོས་མཁོ་དང་འཁྲིལ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ ཞབས་ཏོག་ཚུ་ བྱིན་ནིའི་དོན་ལུ་ ས་ཁོངས་གཞན་སྒོ་ཕྱེ་འོང་ཟེར་ མདོ་ཆེན་བཀྲིས་ཟླ་བ་གིས་ བཤདཔ་ཨིན་པས།

ཐིམ་ཕུག་ལས་ གླ་འཁོར་དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ སྣུམ་འཁོར་བསྐྱར་གསོ་འབད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ གྱལ་སྒྲིག་སྡོད་དགོཔ་ཐོན་ཡི་ཟེར་ཨིནམ་ད་ ཡོངས་འབྲེལ་ལམ་ལུགས་ཐོག་ལས་ ཏི་རུ་སྤྲོད་རུང་ ཞབས་ཏོག་སྤྱོད་མ་བཏུབ་ལས་ འོང་དགོཔ་ཐོན་ཡི་ཟེར་ཨིན་པས།

མདོ་ཆེན་བཀྲིས་ཟླ་བ་གིས་ སླབ་མིའི་ནང་ མི་ལེ་ཤ་གིས་ སྟབས་གཅིག་ཁར་ ཡོངས་འབྲེལ་ལག་ལེན་འཐབ་པའི་སྐབས་ ཞབས་ཏོག་སྤྱོད་མ་ཚུགས་པའི་ དཀའ་ངལ་བྱུང་མི་དེ་ ངེས་བདེན་ཨིན་ཟེར་ཨིནམ་ད་ ད་ལས་ཕར་ ཡོངས་འབྲེལ་རྒྱ་སྐྱེད་འབད་ནིའི་དོན་ལུ་ ལཱ་འབད་དོ་ཟེར་ཨིན་པས།

ལུང་ཕྱོགས་ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ གཙོ་འཛིན་འགོ་དཔོན་ པེ་རིམ་ པི་ ཨ་དི་ཀ་རི་གིས་ སླབ་མིའི་ནང་ ཐིམ་ཕུག་ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ ཞབས་ཏོག་བརྒྱ་ཆ་༥༥ བྱིན་དོ་ཟེར་ཨིནམ་ད་ རྫོང་ཁང་གཞན་ཚུ་དང་ཕྱདཔ་ད་ ཐིམ་ཕུག་ལུ་ ཞབས་ཏོག་སྤྱོད་མི་ ལེ་ཤ་འདུག་ཟེར་ཨིན་པས།

དེ་ཡང་ གཞུང་གི་སྣུམ་འཁོར་དང་ ལས་འཛིན་ སྒེར་སྡེ་ ཚོང་ལས་ གཞུང་མིན་ཚོགས་པ་ དེ་ལས་ གཞན་ལེ་ཤ་ཅིག་ར་ ཐིམ་ཕུག་ལུ་ གཞི་བཙུགས་འབད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།

མི་སྟོབས་མ་ལང་པའི་དཀའ་ངལ་དང་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ ཞབས་ཏོག་བྱིན་ནི་ལུ་ གདོང་ལེན་སྦོམ་འདུག་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།

འདས་པའི་ལོ་ཚུ་ནང་ སྣུམ་འཁོར་གྱི་གྱངས་ཁ་༨ ལྟབ་སྦེ་ ཡར་སེང་སོང་ཡོདཔ་ལས་ ཡིག་ཚང་གི་ས་ཁོངས་དེ་ བཱསི་སྐྱེལ་འདྲེན་དང་ དེད་གཡོགཔ་བརྟག་དཔྱད་དོན་ལུ་ སྤྱོད་དོ་ཡོདཔ་ལས་ བདུན་རིམ་ངལ་གསོ་དང་ གཞུང་གི་ངལ་གསོའི་ཤུལ་ལས་ ཞབས་ཏོག་ལེན་པར་འོང་མི་ མི་ཤོང་པས་ཟེར་ པེ་རེམ་ པི་ ཨ་དི་ཀ་རི་གིས་ བཤདཔ་ཨིན་པས།

གློ་བུར་གྱི་དོན་ལུ་ གནས་སྐབས་ཀྱི་ འབྲེལ་སྟེགས་སྒོ་ཕྱེས་ཞིནམ་ལས་ ཞབས་ཏོག་བྱིན་དོ་ཟེར་ཨིནམ་ད་ ད་རེས་ ལྕང་གླིང་མི་ཐང་ནང་ འབྲེལ་སྟེགས་༩ སྒོ་ཕྱེས་མི་ཚུ་གིས་ མི་༡,༠༠༠ གི་ ཡིག་ཆ་སྤྲོད་ལེན་ཚུ་ ཉིནམ་༡ ནང་འབད་དོ་ཡོདཔ་ཨིན་པས།

བདུན་ཕྲག་འདི་ནང་ དེད་གཡོག་པའི་ ཆོག་ཐམ་ཚུ་བྱིན་ནི་ ལོག་འགོ་བཙུགས་ནི་ཟེར་ མདོ་ཆེན་བཀྲིས་ཟླ་བ་གིས་ བཤད་ཡོདཔ་ད་ ད་ལྟོ་ཚུན་ ཞབས་ཏོག་སྤྲོད་མ་ཚུགས་མི་དེ་ འགྲོ་འགྲུལ་བཀག་དམ་འབད་མི་ལུ་བརྟེན་ པར་སྐྲུན་འབད་ནིའི་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་མ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།


p.p1 {margin: 0.0px 0.0px 0.0px 0.0px; text-align: justify; line-height: 18.0px; font: 11.0px ‘DDC Uchen’}
ལྕང་གླིང་མི་ཐང་ནང་ སྣུམ་འཁོར་གྱི་ཡིག་ཆ་ བསྐྱར་གསོ་འབད་ནིའི་དོན་ལུ་ གྱལ་བཙར་སྡོད་མི་ཚུ།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *