སྣུམ་འཁོར་གཏང་ནིའི་ ཆོག་ཐམ་རྫུས་བཟོའི་ རྩོད་དོན་སོ་སོའི་ནང་ མི་༩༡ གྲལ་གཏོགས།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ སྣུམ་འཁོར་གཏང་ནིའི་ ཆོག་ཐམ་དང་འབྲེལ་བའི་ གཡོ་སྒྱུ་ལག་ལེན་ཚུ་ནང་ གྲལ་གཏོགས་ཡོད་མི་ མི་གྲངས་༩༡ ལུ་ ཉེས་འཛུགས་ཚུ་ འབད་ནི་བཟུམ་ཡོདཔ་ཨིན་པས།
ཞིབ་དཔྱད་སྙན་ཞུ་དེ་ཡང་ ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་སྟེ་ཡོདཔ་ད་ མི་ངོ་༩༡ ལས་༣ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་བརྡ་སྟོན་འོག་གི་ ཁྲིམས་སྲུང་འགག་པ་དང་ མི་༧ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ལས་བྱེདཔ་ཚུ་ཨིན་པས།
ཞིབ་དཔྱད་སྙན་ཞུ་དང་འཁྲིལ་བ་ཅིན་ བྱ་ངན་དང་འབྲེལ་བ་ཡོད་མི་ ཁྲིམས་སྲུང་འགག་པ་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལས་བྱེདཔ་ཚུ་གིས་ སྤྱིར་བཏང་སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་དང་ སྣུམ་འཁོར་གཏང་ཆོག་པའི་ ཁྱད་རིག་ལག་ཁྱེར་ཚུ་ ལམ་ལུགས་དང་མ་འཁྲིལ་བར་ སྤྲོད་པའི་ཁར་ སྣུམ་འཁོར་གྱི་ བདག་དབང་ཚུ་ཡང་ ལམ་ལུགས་དང་མ་འཁྲིལ་བར་ སྤོ་སོར་འབད་ནུག་ཟེར་ཨིན་པས།
མི་ངོ་དེ་ཚུ་ལུ་ ཚུལ་མིན་ཐོག་ལས་ ནང་གསུག་ལེན་མི་དང་ ཚུལ་མིན་གཡོ་སྒྱུ་འཐབ་པའི་ ཁ་ཉེས་བཀལ་ཡོདཔ་ད་ ཁ་ཉེས་ཕོག་མི་ཚུ་གིས་ སྣུམ་འཁོར་གཏང་ཆོག་པའི་ ཁྱད་རིག་ཆོག་ཐམ་ཚུ་ཡང་ ལམ་ལུགས་དང་མ་འཁྲིལ་བར་ གནས་ཚད་སེང་སྟེ་ བཟོ་བྱིན་ནུག་ཟེར་བཀོད་ནུག།
དེ་བཟུམ་མའི་ བྱ་ངན་ཚུ་ གཙོ་བོ་ར་ མནོ་བཞིན་བསམ་བཞིན་དུ་འབད་བའི་ཁར་ ལམ་ལུགས་ལེགས་ཤོམ་མེད་མི་ལུ་བརྟེན་ བྱུང་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཟླ་༦ པའི་ཚེས་༡ ལུ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་གཉིས་ཀྱིས་ ཨམ་སྲུ་ཅིག་ སྣུམ་འཁོར་གཏང་ནིའི་ ཆོག་ཐམ་དོན་ལུ་ ཆོས་རྒྱུགས་ནང་ གྲལ་གཏོགས་མ་འབད་རུང་ མིང་རྟགས་བཀོད་དེ་ སྤྱིར་བཏང་སྣུམ་འཁོར་བཏང་ཆོག་པའི་ ཆོག་ཐམ་གྱི་ གནང་བ་གྲུབ་ཡོདཔ་ཨིན་པས།
དེ་ལས་ ཟླཝ་དེ་གི་སྤྱི་ཚེས་༡༨ ལུ་ ད་རུང་ འགོ་དཔོན་གཉིས་ཀྱིས་ ཐིམ་ཕུག་ལུ་སྡོད་མི་ མི་ཅིག་ལུ་ སྤྱིར་བཏང་སྣུམ་འཁོར་བཏང་ཆོག་པའི་ ཆོག་ཐམ་གྱི་ གནང་བ་གྲུབ་ཡོདཔ་ད་ འགོ་དཔོན་ཅིག་གིས་ ཁྱད་རིག་གི་ ཆོག་ཐམ་གྱི་ གནང་བ་བྱིན་ཡོདཔ་ད་ རྩི་མ་གཤམ་དང་ དགེ་འདུ་ལུ་ཡོད་མི་ འགོ་དཔོན་གཉིས་ཀྱིས་ཡང་ མི་ཅིག་ལུ་ སྤྱིར་བཏང་ཆོག་ཐམ་ཆ་འཇོག་འབད་ནུག་ཟེར་ཨིན་པས།
དེ་གིས་མ་ཚད་ སྒེར་མི་ཅིག་ལུ་ ཁོ་ར་དང་ གཞན་གྱི་དོན་ལུ་ རྒྱལ་ཡོངས་གནས་ཚད་༢ པའི་ ལག་ཁྱེར་༣༦ རྫུས་མ་བཟོ་བའི་ ཉེས་འཛུགས་བཀལ་དགོ་པའི་ གྲོས་འདེབས་འjད་ཡོདཔ་ད་ ཁོ་གིས་ ལག་ཁྱེར་རྫུས་མ་བཟོ་མི་ མི་ཚུ་ལས་ དངུལ་ཀྲམ་༦༧༡,༠༠༠ ལེན་ནུག་ཟེར་ཨིན་པས།
མི་ངོ་དེ་ལུ་ ལག་ཁྱེར་བཟོ་བཀོད་འབད་ནིའི་དོན་ལུ་ ལྕོགས་གྲུབ་དང་ ཉམས་མྱོང་མེདཔ་ལས་ ཁོ་གིས་ པར་སྐྲུན་ལས་སྡེ་ཅིག་ལས་ གྲོགས་རམ་ལེན་ཡོདཔ་ད་ ལས་གཡོག་ལྷན་ཁག་གི་ ཁྱད་རིག་གནས་ཚད་ལས་ཁུངས་ཀྱི་ ཐིའུ་རྫུས་མ་བཟོ་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ ཁྲིམས་སྲུང་འགག་པ་གཉིས་ཀྱིས་ཡང་ མི་ངོ་༡༣ ལས་ དངུལ་ཀྲམ་༡༦༨,༠༠༠ ལེན་ཡོད་པའི་ཁར་ སྣུམ་འཁོར་བཙོང་བའི་ གན་ཡིག་རྫུས་མ་བཟོ་སྟེ་ ཇོ་བདག་ཚུ་ལས་ དངུལ་ཀྲམ་༥,༠༠༠ རེ་ ལེན་ཡོདཔ་མཐོང་ནུག།
ཁྲིམས་སྲུང་འགག་པ་གཞན་ཅིག་གིས་ མི་ངོ་༡༢ ལས་ ཚུལ་མིན་ཐོག་ལས་ ཆོག་ཐམ་བཟོ་བྱིན་ནིའི་དོན་ལུ་ དངུལ་ཀྲམ་༡༣༧,༠༠༠ ལེན་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ ལས་གཡོག་ལྷན་ཁག་དང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ སྤུམ་འཁོར་གཏང་ནི་གི་ སྦྱོང་བརྡར་བྱིན་མི་ སྒེར་གྱི་སྤེལ་ཁང་ཚུ་གི་ གནས་ཚད་ཡར་དྲག་གཏང་ཐབས་ལུ་ མཉམ་འབྲེལ་གྱི་ ཞལ་འཛོམས་ཅིག་ འཚོགས་ཡོདཔ་ཨིན་པས།
ཞལ་འཛོམས་སྐབས་ ཕྱོགས་གཉིས་ཆ་ར་གིས་ སྒེར་གྱི་སྤེལ་ཁང་ཚུ་གིས་ ཁྱད་རིག་ལག་ཁྱེར་གྱི་དོན་ལུ་ སྦྱོང་བརྡར་བྱིན་མི་དེ་ ལཱ་གཡོག་གནས་ཚད་ལས་ཁུངས་ཀྱིས་ ཆ་གནས་འབད་དགོཔ་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
དེ་དང་འཁྲིལ་ སྐྱེལ་འདྲེན་དབང་འཛིན་གྱིས་ ཁྱད་རིག་གི་ ཆོག་ཐམ་དོན་ལུ་ སྒེར་གྱི་སྦྱོང་བརྡར་སྤེལ་ཁང་ཚུ་ལུ་ སྤྲོད་ཡོད་མི་དེ་ ཆ་མེད་བཏང་སྟེ་ ཚོང་འབྲེལ་ལག་ཁྱེར་དེ་ རྒྱལ་ཡོངས་གནས་ཚད་ཀྱི་ ངོས་ལེན་འབད་མི་ སྣུམ་འཁོར་སྦྱོང་བརྡར་སྤེལ་ཁང་ལས་ མཐར་འཁྱོལ་བ་ཅིན་རྐྱངམ་གཅིག་ སྤྲོད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
སྣུར་འཁོར་གཏང་ནིའི་ ཁྱད་རིག་སྦྱོང་བརྡར་དེ་ སྤྱི་ལོ་༢༠༡༦ ཟླ་༨ པ་ལས་ ཟླ་ངོ་གཉིས་ཀྱི་རིང་ བྱིན་པའི་ཤུལ་ལས་ དབྱེ་ཞིབ་འབད་དེ་ མཐར་འཁྱོལ་མི་ཚུ་ལུ་ རྒྱལ་ཡོངས་གནས་ཚད་ལག་ཁྱེར་༢ པ་ སྤྲོད་ཡོདཔ་ཨིན་པས།
ལག་ཁྱེར་དེ་ནང་ ཉེན་སྲུང་དོན་ལུ་ དམིགས་བསལ་གྱི་ ཨང་ཡོད་པའི་ཁར་ འབྲེལ་ཡོད་དབང་འཛིན་ཚུ་གི་བར་ན་ ལམ་ལུགས་ཚུ་ བཟོ་སྟེ་འབད་རུང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་འབད་འཛིན་གྱི་ འགོ་དཔོན་དག་པ་ཅིག་གིས་ སྦྱོང་བརྡར་བྱིན་མི་ གཙུག་སྡེ་ཚུ་ལས་སྤྲོད་མི་ ལག་ཁྱེར་བྱིན་མི་ལུ་ གཞི་བཞག་ཐོག་ལས་ གླ་འཁོར་གཏང་ཆོག་པའི་ལག་ཁྱེར་ཚུ་ སྤྲོད་ནུག་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ སྤྱི་ལོ་༢༠༡༦ ཟླ་༨ པ་ལས་ སྤྱི་ལོ་༢༠༡༨ ཟླ་༡༡ པའི་བར་ན་ གླ་འཁོར་གྱི་ཆོག་ཐམ་༧༠༩ སྤྲོད་ཡོད་མི་ལས་༤༠༤ དེ་ རྒྱལ་ཡོངས་གནས་ཚད་ལག་ཁྱེར་༢ པ་ལུ་ གཞི་བཞག་ཡོདཔ་ད་༤༧ དེ་ སྐུ་སྲུང་གི་དོན་ལུ་ ཁྱད་རིག་གི་ ཆོག་ཐམ་སྤྲོད་ཡོདཔ་བཞིན་དུ་༡༥༨ དེ་ སྤྱི་ལོ་༢༠༡༦ ཟླ་༨ པའི་ཧེ་མར་ སྣུམ་འཁོར་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ སྦྱོང་བརྡར་འབད་མི་ཚུ་ལུ་ སྤྲོད་དེ་ཡོདཔ་ཨིན་པས།
དེ་ལས་༡༢ ལུ་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་དང་ གཞན་༡༢ ལུ་ རྒྱལ་ཡོངས་གནས་ཚད་ལག་ཁྱེར་ གཞན་ཚུ་གི་ཐོག་ལས་ སྤྲོད་ཡོདཔ་ད་༤༥ དེ་ རྒྱལ་ཡོངས་གནས་ཚད་ལག་ཁྱེར་༢ པ་ རྫུས་མའི་ཐོག་ལས་ སྤྲོད་ཡོདཔ་ད་ གཞན་མི་༡༠ ལུ་ སྦྱོང་བརྡར་རྫུས་མའི་ ལག་ཁྱེར་ཐོག་ལས་ སྤྲོད་ཡོད་པའི་ མངོན་གསལ་བྱུང་ནུག།
ཞིབ་དཔྱད་སྙན་ཞུ་ནང་ ཁྱད་རིག་གི་ཆོག་ཐམ་༡༧ དེ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ཚུལ་ལྡན་མེདཔ་སྦེ་ སྤྲོད་ནུག་ཟེར་ཨིནམ་ད་ དེའི་གྲས་ལས་༡ དེ་ གཞུང་འབྲེལ་དང་ གཞན་མི་དེ་ སྦྱོང་བརྡར་དོན་ལུ་ སྤྲོད་ཡོདཔ་ཨིན་པས།
ཁྱད་རིག་གི་ལག་ཁྱེར་༢ དེ་ སྤྱི་ལོ་༢༠༡༦ ཟླ་༨ པའི་ཧེ་མར་ ལམ་ལུགས་ཚུ་དང་མ་འཁྲིལ་བར་ སྤྲོད་ཡོདཔ་་ད་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ ཡིག་ཆ་ཚུ་ ལེགས་ཤོམ་སྦེ་ ཐོ་མ་བཞག་མི་ལུ་བརྟེན་ མི་༥ ལུ་ ཁྱད་རིག་གི་ ཆོག་ཐམ་སྤྲོད་ཡོད་མི་ཚུ་གི་ ཡིག་ཆ་ཚུ་ ཐོབ་མ་ཚུགས་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བྱ་ངན་ནང་ འབྲེལ་བ་ཡོད་མི་ཚུ་ལུ་ སྤྱི་གཡོགཔ་ཚུ་ལུ་ ནང་གསུག་སྤྲོད་མི་དང་ རྫུས་བཟོ་ བྱ་ངན་ནང་གྲལ་གཏོགས་ ཚོང་འབྲེལ་གྱི་ནང་གསུག་ སྡོང་ཟླ་ དེ་ལས་ མི་ངོ་༩༡ ལུ་ ཡིག་ཆ་རྫུས་བཟོ་དང་འབྲེལ་བའི་ ལཱ་འབད་ནིའི་ནང་ ཕན་གྲོགས་འབད་བའི་ ཉེས་འཛུགས་ཚུ་ འབད་ནི་གི་ འོས་འབབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *