སྣུམ་འཁོར་ཀཱར་ རྦོབ་རིལ་མིའི་ནང་ བཟའ་ཚང་ནང་མི་༥ ལུ་ཤི་རྐྱེན།

༉ སྐྱེངས་མཁར་རྒེད་འོག་ལས་ རྒྱལ་པོའི་ཞིང་ཁ་ཐུག་འོང་མི་ སྣུམ་འཁོར་སེན་ཊོ་ཀཱར་ཅིག་ རྒྱལ་པོའི་ཞིང་ཁྲོམ་ཁར་ ལྷོད་ནི་ལུ་ ཀི་ལོ་མི་ཊར་༡༠ དེ་ཅིག་ཁར་ འཁོར་ལམ་འོག་ལས་མར་ རྦོབ་རིལ་འགྱོཝ་ལས་ བཟའ་ཚང་ནང་མི་༥ ཁ་འཐུམ་མར་ ཤི་རྐྱེན་བྱུང་ནུག།
རྐྱེན་ངན་དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༦ གི་ དྲོ་པའི་ཆུ་ཚོད་༩ དང་༡༠ གི་བར་ན་ བྱུང་ཡོདཔ་ད་ ཚེ་འདས་ཀྱི་ ཕུངམ་ཚུ་ག་ར་ ཐིམ་ཕུག་ལུ་སྡོད་མི་ ཉམས་རྒུད་པའི་ བུཚ་དང་བུམོ་ཚུ་ལུ་ རྩིས་སྤྲོད་ནིའི་དོན་ལུ་ ཁ་ཙ་དྲོ་པར་ ཐིམ་ཕུག་ལུ་ འབག་བསྐྱལ་ཡོདཔ་ཨིན་པས།
རྫོང་ཁག་སྐྱིད་སྡུག་འགོ་དཔོན་ ཀརྨ་ཆོས་འཕེལ་གྱིས་ སླབ་མིའི་ནང་ རྐྱེན་ངན་སྐབས་ རྒྱལ་པོའི་ཞིང་ལུ་ཡོད་པའི་ རྒྱལ་ཚབ་ཡིག་ཚང་གི་ འགོ་དཔོན་ཚུ་དང་ རྫོང་ཁག་གི་ རྐྱེན་ངན་འཛིན་སྐྱོང་འགོ་དཔོན་ ཁྲིམས་སྲུང་འགག་པ་ དེ་ལས་ ཀུ་རི་ཆུ་གློག་མེ་ལས་འཛིན་གྱི་ རྐྱེན་ངན་འཛིན་སྐྱོང་སྡེ་ཚན་ཚུ་གིས་ གྲོགས་རམ་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྣུམ་འཁོར་ནང་ཡོད་མི་ བཟའ་ཚང་ཚུ་ག་ར་ སྐྱེངས་མཁར་རྒེད་འོག་ གཡུས་ཁུར་རྫོང་ལས་ཨིན་མི་ སྐྱེས་ལོ་༦༢ ལང་མི་ ཚེ་འདས་གསང་བདག་གི་ ཨ་པ་གྱོངས་ཏེ་ ཞག་གྲངས་༢༡ ལང་བའི་ ཟངས་སྤྱོད་སྨོན་ལམ་གཏང་ནིའི་དོན་ལུ་ ཐིམ་ཕུག་ལས་ཚུར་ འོང་ནུག་ཟེར་ཨིན་པས།
བྱུང་རྐྱེན་ནང་ ཚེ་འདས་གསང་བདག་གི་གནས་ཚང་ སྐྱེས་ལོ་༥༤ ལང་མི་དང་ ཁོང་རའི་བུམོ་ སྐྱེས་ལོ་༢༦ འབད་མི་ བུམོ་གི་རྨགཔ་ དེ་ལས་ སྐྱེས་ལོ་༨༢ ལང་མི་ ཚེ་འདས་གསང་བདག་གི་ ཨའི་ཡོདཔ་ཨིན་པས།
སྐྱིད་སྡུག་འགོ་དཔོན་དང་འཁྲིལ་བ་ཅིན་ ཉམས་རྒུདཔ་བཟའ་ཚང་ཚུ་ སྤྱི་ཟླ་༡༢ པའི་ཚེས་༥ ལུ་ ཟངས་སྤྱོད་སྨོན་ལམ་བཏང་ཚར་ཏེ་ ཚེས་༦ གི་དྲོ་པར་ ལོག་ཐིམ་ཕུག་ལུ་ འགྱོ་བའི་བསྒང་ཨིན་མས་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ སྣུམ་འཁོར་དེ་ ཤུགས་ཚད་ལས་བརྒལ་བཏང་བའི་ ཤུལ་མེདཔ་བཞིན་དུ་ སྣུམ་འཁོར་དེ་ བུམོ་གི་རྨགཔ་ ཚེ་འདས་ཚེ་རིང་ཕུན་ཚོགས་ཀྱིས་ བཏང་ནུག་ཟེར་ཨིན་པས།
སྣུམ་འཁོར་གྱི་ ཇོ་བདག་དེ་ཡང་ ཚེ་རིང་ཕུན་ཚོགས་ཨིནམ་ད་ ཁོ་ར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་གཡོགཔ་ཨིནམ་ད་ ཁོ་གི་གནས་ཚང་དེ་ འབྲུག་ཚོང་དང་བཟོ་གྲྭ་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཚེ་འདས་ འགྲིམ་དཔོན་བགྲེསཔ་གསང་བདག་དེ་ བསྟན་སྲུང་དམག་སྡེ་ནང་ལས་ དགོངས་ཞུ་འབད་བའི་ཤུལ་ལུ་ སྒེར་སྡེ་ཅིག་ནང་ སྲུང་རྒྱབ་སྦེ་ ལཱ་འབད་ཡོདཔ་ཨིན་པས།
ཚེ་འདས་གསང་བདག་ལུ་ བུམོ་༢ དང་བུཚ་༡ ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *