རཀྴ་དམངས་འཆམ་གྱི་ འཆམ་རྒྱུགས་ཕུལ་བའི་བསྒང་།

སྣང་མཁར་བཀྲིས་ཆོས་གླིང་དགོན་པའི་ ལོ་བསྟར་ཚེས་བཅུ་ ད་རིས་ལས་ འགོ་བཙུགས་ནི།

༉ བཀྲིས་གཡང་རྩེ་སྟོད་ཚོ་རྒེད་འོག་ སྣང་མཁར་བཀྲིས་ཆོས་གླིང་དགོན་པའི་ ཉིན་གྲངས་༣ འབད་མི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་ཨིནམ་ད་ དུས་ཅི་གི་ ཚེས་བཅུ་དེ་ སྣང་མཁར་དགོན་པ་དང་ རྒེད་འོག་གི་ ཞི་གཡོགཔ་ཚུ་གིས་ སྦྱིན་བདག་འབད་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པས།
ཚེས་བཅུའི་དོན་ལུ་ ཞི་གཡོགཔ་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཝི་ཅེཌ་ནང་ སྡེ་ཚན་བཟོ་ཐོག་ལས་ མ་དངུལ་བསྡུ་བླངས་འབད་ཡོདཔ་ད་ སྡེ་ཚན་གྱི་ཁྲི་འཛིན་ བཀྲིས་སྒང་བཀང་ལུང་ འཇམ་དཔལ་གླིང་སློབ་གྲྭ་ལྟེ་བའི་དབུ་འཛིན་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ ཚེས་བཅུ་འགོ་འདྲེན་འཐབ་ནིའི་དོན་ལུ་ གཡུས་མི་ཞི་གཡོགཔ་ཚུ་གིས་ རྒྱབ་སྐྱོར་འབད་ནི་ཡོད་ཟེར་ཨིན་པས།
རིག་འཛིན་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞི་གཡོགཔ་ཚུ་གིས་ སྡེ་ཚན་བཟོ་ཐོག་ལས་ ཚེས་བཅུའི་སྦྱིན་བདག་འབད་དགོ་པའི་ དམིགས་ཡུལ་དེ་ཡང་ སྣང་མཁར་དགོན་པའི་ ལྷ་ཁང་དེ་ གཞུང་གྲྭ་ཚང་ལུ་ རྩིས་སྤྲོད་མ་འབད་བའི་ཧེ་མར་ རྒེད་འོག་༢ ཀྱི་ གཡུས་ མི་ཚུ་གིས་ འགོ་འདྲེན་འཐབ་སྟེ་ སྡོད་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༩ དེ་ཅིག་ལུ་ ལྷ་ཁང་དེ་ གཞུང་གྲྭ་ཚང་ལུ་ཕུལ་ཞིནམ་ལས་ དགེ་འདུན་གྱི་སྡེ་ གཞི་བཙུགས་འབད་བའི་ཤུལ་ལུ་ གཞུང་ལས་ མ་དངུལ་རྒྱབ་སྐྱོར་མེད་མི་ལུ་བརྟེན་ བླམ་ཁོ་ར་གིས་ སྦྱིན་བདག་འཚོལ་ཐོག་ལས་ ལོ་བསྟར་ཚེས་བཅུ་ ཉམས་མ་བཅུག་པར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ སྦྱིན་བདག་འཐོབ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ སྡེ་ཚན་ནང་ཡོད་མི་ འཐུས་མི་ཚུ་ ཆ་མཉམ་ར་ སྐྱེས་ས་སྦོམ་ས་ར་ དེ་ཁར་ཨིན་མི་ལུ་བརྟེན་ ཁོང་རའི་ གཡུས་ཚན་གྱི་ ཚེས་བཅུ་དེ་ མི་ཉམས་གོང་འཕེལ་དང་ ཡུན་བརྟན་གནས་ཐབས་ བཟོ་ནིའི་དོན་ལུ་ འགོ་དང་པ་ འགོ་འདྲེན་འཐབ་དོ་ཟེར་ཨིནམ་ད་ འཐུས་མི་ཚུ་ལས་ མ་དངུལ་གྱི་རྒྱབ་སྐྱོར་ཡོད་པ་ཅིན་ མ་འོངས་པ་ལུ་ཡང་ ཆ་རོགས་འབད་ནིའི་ རེ་བ་ཡོད་ཟེར་ རིག་འཛིན་རྡོ་རྗེ་གིས་ བཤདཔ་ཨིན་པས།
རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ མི་སེར་ཚུ་གི་ སྤྲོ་བ་དང་བསྟུན་ ཚེས་བཅུའི་དོན་ལུ་ ཞབས་ཁྲ་རྐྱབ་མི་ཡང་ བུམ་ཐང་དང་ བཀྲིས་སྒང་སག་སྟེང་ལས་འབདཝ་ད་ སྡེ་ཚན་༢ ཡོདཔ་ལས་ ཧེ་མ་ལས་ ཚེས་བཅུ་དེ་ སྤྲོ་བ་ཡོད་པའི་ཁར་ དུས་ཅི་གི་ ཚེས་བཅུ་དེ་ ལྷག་པར་དུ་ སྤྲོ་བ་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དགོན་པའི་བླམ་ རིན་ཆེན་གྲགས་པ་གིས་ སླབ་མིའི་ནང་ ལྷ་ཁང་དེ་ མི་ལོ་བརྒྱ་ཕྲག་གི་ཧེ་མར་ སྔོ་ལྗང་དང་ལྡན་པའི་ ཤིང་དང་མེ་ཏོག་གི་སྦུག་ལུ་ འབྲུག་བཀའ་བརྒྱུད་པའི་བླམ་ གྲུབ་ཐོབ་ཐོགས་མེད་མགོན་པོ་གིས་ གདན་ས་དང་པ་ ཕྱག་བཏབ་གནང་ཡོད་རུང་ ལོ་བསྟར་ཚེས་བཅུའི་སྲོལ་དེ་ རྡོར་གཅོད་བླམ་འཕྲིན་ལས་ཆོས་རྒྱལ་མཆོག་གིས་ གཞི་བཙུགས་གནང་ནུག་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་བཤད་མི་དང་འཁྲིལ་བ་ཅིན་ ལོ་བསྟར་ཚེས་བཅུའི་སྐབས་ཀྱི་ ཞལ་འབག་དང་ འཆམ་གོ་ དེ་ལས་ མཆོད་རྫས་དང་ མཆོད་ཆས་ཀྱི་རིགས་ ག་ནི་ཡང་མེདཔ་ལས་ སྦྱིན་བདག་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ ཅ་ཆས་ཕྱེད་ཀ་ བསྒྲུབས་ཚར་ཡོདཔ་ལས་ ལོ་བསྟར་གྱི་ ཚེས་བཅུ་ཡང་ ཐིག་ཕུག་ཚེས་བཅུ་དང་ དབྱེ་བ་ག་ནི་ཡང་མེད་པར་ མཇལ་ཁ་གནང་དོ་ཟེར་ཨིན་པས།
ཐིམ་ཕུག་ཚེས་བཅུ་དང་ དབྱེ་བ་མེད་པར་ བཙུགས་དགོ་མི་དེ་ཡང་ སྣང་མཁར་བཀྲིས་ཆོས་གླིང་དགོན་པ་དེ་ མཐའ་ཟུར་གྱི་ ས་གནས་ཅིག་ཨིནམ་ལས་ མི་སེར་ཚུ་གིས་ བཀྲིས་སྒང་དང་ རྫོང་ཁག་གཞན་ཚུ་གི་ཚེས་བཅུ་ མཇལ་བར་འགྱོ་ཚུགས་མི་དཔྱ་༡ དང་ འགྱོ་མ་ཚུགས་མི་དཔྱ་༢ དེ་ཅིག་ཡོདཔ་ལས་ འདི་ཚུ་གི་དོན་ལུ་དང་ སྒོས་སུ་གཡུས་མཚན་དེ་ནང་ ནད་ཡམས་མུ་གེ་ཚུ་ ཞི་ཐབས་ཀྱི་དོན་ལུ་ཨིན་ཟེར་ དགོན་པའི་བླམ་གྱིས་ བཤདཔ་ཨིན་པས།
བླམ་གིས་ བཤད་མིའི་ནང་ སློབ་དཔོན་རིན་འཛིན་རྡོ་རྗེ་གིས་ སྦྱིན་བདག་འབད་ཐོག་ལས་ ཞབས་དྲུང་རིན་པོ་ཆེའི་ མཐོང་གྲོལ་ཅིག་ཡང་ གསར་བསྒྲུབས་འབད་དེ་ མོ་མང་ལུ་ མཇལ་ཁ་གནང་ཡོདཔ་ལས་ ལོ་བསྟར་ཚེས་བཅུ་དེ་ ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ མ་གཞི་ ཚེས་བཅུའི་སྐབས་ གཡུས་མི་ཚུ་གིས་ རྐྱབ་སྲོལ་ཡོད་མི་ ཨ་རྟག་གི་ བོད་འཆམ་དེ་མ་གཏོགས་ མཇལ་ནི་མེད་ཟེར་ཨིནམ་ད་ ད་རེས་ བླམ་གིས་ ཧེ་མ་ མ་མཇལ་བའི་སྐུ་འཆམ་ཚུ་ཡང་ གཞི་བཙུགས་གནངམ་མ་ཚད་ མཐོང་གྲོལ་ཡང་ གསར་བཞེངས་གནངམ་ལས་ སྐལ་བ་བཟང་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན ཐིམ་ཕུག་གི་ཚེས་བཅུ་ མཇལ་ནིའི་སྐལ་བ་མེད་རུང་ ད་རེས་ ཁོང་རའི་གཡུས་ཁར་ འཕགས་པའི་དགེ་འདུན་གྱི་སྡེ་ གཞི་བཙུགས་གནངམ་ལས་ཚུར་ བླམ་གིས་ ཐིམ་ཕུག་ཚེས་བཅུ་དང་ དབྱེ་བ་མེད་པར་ འགོ་འདྲེན་འཐབ་གནངམ་ལས་ སྐལ་བ་བཟང་ཡི་ཟེར་ཨིནམ་ད་ སག་སྟེང་པའི་ ཞབས་ཁྲ་ཚུ་ཡང་ རྐྱབ་ནི་ཨིནམ་ལས་ སྤྲོ་བ་འབྱུང་ནི་མས་ཟེར་ཨིན་པས།
སྣང་མཁར་བཀྲིས་ཆོས་གླིང་དགོན་པ་དེ་ སྟོད་ཚོ་རྒེད་འོག་ནང་ཡོད་མི་ འབྲུག་པ་བཀའ་བརྒྱུད་པའི་ ལྷ་ཁང་ཚུ་གི་གྲས་ལས་ བྱིན་རླབས་ཅན་དང་ རྙིང་ཤོས་ཅིག་ཨིནམ་ད་ ད་རེས་ སློབ་གྲྭ་དེ་ནང་ བླམ་༡ དང་ སློབ་དཔོན་༡ དེ་ལས་ དགེ་སློང་ཞལ་གྲངས་༢༠ ལྷགཔ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *