སྟོན་པ་རྡོར་གདན་མའི་ སྐུ་འདྲ་ལས་འགུལ་ལུ་ རྐྱེན་ངན་གྲོགས་ཤར?

༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་གསར་བཞེངས་དང་ མཐའ་འཁོར་ལུ་ བཟོ་སྐྲུན་འབད་མི་ཚུ་གི་ ཞིབ་དཔྱད་སྙན་ཞུ་ གསར་བཏོན་འབད་བའི་ཤུལ་ལས་ སྤྱིར་བཏང་མི་མང་དང་ ལྷག་པར་དུ་ ཆོས་སྒོར་ཞུགས་མི་ཚུ་ལུ་ རྣམ་རྟོག་ལང་ནི་དང་ ཐུགས་ཕམ་བྱུང་པའི་ གཞི་གནད་ཅིག་ལུ་གྱུར་ནུག།

དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྐུ་འདྲ་གསར་བཞེངས་ལས་འགུལ་ལུ་ ལོ་ངོ་༡ དེ་ཅིག་གི་རིང་ མ་དངུལ་ལག་ལེན་དང་ ཕྱི་རྒྱལ་གྱི་ དད་ཅན་སྦྱིན་བདག་ཚུ་གིས་ ཞལ་འདེབས་ཕུལ་མི་ཚུ་ལུ་ ཞིབ་དཔྱད་རྐྱབ་ད་ ལས་འགུལ་དེ་ལས་ མ་དངུལ་ས་ཡ་༣༢༠ ལྷགཔ་ཅིག་ ལོག་སྤྱོད་འབད་ཡོད་པའི་ མངོན་གསལ་བྱུངམ་ལས་ མ་དངུལ་མཁོ་སྒྲུབ་འབད་མི་དང་ སྐུ་འདྲ་གསར་བཞེངས་སྐབས་ ལྟ་བཀོད་འབད་མི་ འཛིན་སྐྱོང་པ་ལུ་ ལྐོག་ཟའི་ཉེས་འཛུགས་འབད་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གྲོས་འདེབས་བཀོད་ནུག།

མ་གཞི་ ཞིབ་དཔྱད་སྙན་ཞུ་ནང་ མ་དངུལ་ལྐོག་ཟ་དང་ རིན་ཐང་ཆེ་བའི་ བསྒུལ་ཅན་དང་ བསྒུལ་མེད་ཀྱི་ རྒྱུ་དངོས་ཚུ་ མཁོ་སྒྲུབ་འབད་བའི་ ཁ་ཉེས་ཚུ་ བཀལ་ཡོད་རུང་ ད་རེས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་འབད་ནི་གི་ འོས་འབབ་ཡོད་མེད་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་བཞིན་དུ་ གལ་སྲིད་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་རུང་ སྒྲུབ་བྱེད་ཚུ་དང་འཁྲིལ་དགོཔ་ལས་ རྩོད་དོན་ག་དེ་སྦེ་འགྱོ་འོང་ག་ སླབ་མི་ཤེས་པས།

དེ་འབདཝ་ད་ ལགཔ་རྫ་མར་འདོགསན་རྫ་ནག་རེག་ཟེར་ སླབ་སྲོལ་ཡོདཔ་བཟུམ་ ལས་འགུལ་སྦོམ་ཤོས་དང་ མ་དངུལ་འབོར་ཆེ་ཏོག་ཏོ་ནང་ འབྲེལ་འཛིན་འབདཝ་ད་ འཐུས་ཤོར་དུམ་གྲ་རེ་ འབྱུང་སྲིད་ནི་ཨིན་རུང་ ཀུན་གསལ་ཕོ་བྲང་ལས་འགུལ་གྱི་ཐད་ལུ་ རྐྱེན་ངན་གྲོགས་སུ་འཆར་མི་དེ་ཡང་ སྟོན་པ་ཤཱཀྱ་ཐུབ་པའི་ སྐུ་འདྲ་དེ་ ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ མཐའ་དོན་ལུ་དམིགས་ཏེ་ གསར་བཞེངས་འབད་མི་ལུ་བརྟེན་ ད་རེས་ནངས་པར་ འབྲུག་གི་དོན་ལུ་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་དང་ ཕྱག་འཚལ་སའི་རྟེན་ཅིག་ལུ་ གྱུར་ཏེ་ཡོད།

དེ་ཡང་ ལས་འགུལ་འགོ་འདྲེན་འཐབ་པའི་ ནམ་དུས་ལུ་ སྟབས་ངན་དང་ ཟད་འགྲོ་བཏང་མི་ཚུ་ རྩིས་ཐོ་ཚུལ་ལྡན་མ་བཞག་པའི་ གནད་དོན་ཚུ་ མངོན་གསལ་བྱུང་ཡོད་རུང་ རྒྱལ་ཡོངས་ཀྱི་ ནང་གཏེར་དང་ ཕྱི་མིའམ་ལྟ་བཤལཔ་ཚུ་གི་དོན་ལུ་ ཡིད་འཕྲོག་པའི་ ས་གོ་གལ་གནད་ཅན་ཅིག་ལུ་ གྱུར་ཡོད་མི་ལས་བརྟེན་ དུས་ཅི་ སྤྱི་ཟླ་༧ པའི་ནང་  སྟོན་པ་རྡོར་གདན་མ་སྐུ་འདྲ་དང་ དེ་གི་ས་ཁོངས་ འཛིན་སྐྱོང་འཐབ་ནི་དང་ བདག་དབང་འབད་ནི་དེ་ གཞུང་འཕགས་པའི་དགེ་འདུན་གྲྭ་ཚང་ལུ་ རྩིས་སྤྲོད་ཕུལ་ནུག།

གཞུང་དགེ་འདུན་གྲྭ་ཚང་གིས་འབད་རུང་ ད་ལྟོའི་ རྩོད་རྙོགས་མཇུག་བསྡུ་ནི་ལུ་ སྒུག་མ་བཞུགས་པར་ སྟོན་པ་སྐུ་འདྲའི་ མཐའ་སྐོར་ལུ་ ལཱ་འབད་དགོཔ་ ལེ་ཤ་ཡོད་མི་ཚུ་ འཕྲོ་མཐུད་འབད་དེ་ གང་མགྱོགས་མཇུག་བསྡུ་ཚུགསཔ་འབད་ནི་གི་ ཐབས་ལམ་བཏོན་དགོཔ་འདུག།

ཀུན་གསལ་ཕོ་བྲང་དེ་ དགེ་འདུན་འདུས་ཚོགས་ལུ་ རྩིས་སྤྲོད་ཕུལ་བའི་སྐབས་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་གྱིས་ ལཱ་ལྷག་ལུས་འབད་དགོཔ་ཡོད་མི་ཚུ་ འཕྲོ་མཐུད་འབད་ནི་ཟེར་ གསུངས་ཡོདཔ་བཞིན་དུ་ ད་རེས་ ངན་ལྷད་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཐོན་ཡོད་མི་ལུ་ ཧད་འཕུལ་ཏེ་ བསྣར་འགྱངས་སྦེ་ བཞག་ནི་མི་འོང་།

སྤྱི་ལོ་༢༠༠༤ ལས་ འགོ་བཙུགས་མི་ ལས་འགུལ་དེ་ལུ་ ཕྱི་རྒྱལ་ལས་ གྲོགས་རམ་འབད་མི་ ངོ་རྐྱང་ཚུ་གིས་ རྒྱབ་བཤུད་རྐྱབ་ཡོད་རུང་ དགེ་འདུན་འདུས་ཚོགས་ཀྱིས་ ནང་འཁོད་ལས་ མ་དངུལ་འཚོལ་ཞིབ་འབད་ཐོག་ལས་ ལཱ་མཇུག་བསྡུ་གཏང་ནི་དེ་ ག་ནི་བ་གལ་ཆེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *