ཐིམ་ཕུག་ ཀུན་གསལ་ཕོ་བྲང་ནང་ བཞེངས་ཡོད་མི་ སྟོན་པ་རྡོར་གདན་མའི་སྐུ་འདྲ་ཆེན་མོ།

སྟོན་པ་རྡོར་གདན་མའི་ སྐུ་འདྲ་ལས་འགུལ་ནང་ མི་༤ ལུ་ མ་དངུལ་ལྐོག་ཟའི་ཁ་ཉེས།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་གསར་བཞེངས་ལས་འགུལ་ནང་ སྨན་ལྗོངས་ཆོས་མཐུན་ཚོགས་པའི་ ཁྲི་འཛིན་དང་ ལས་འགུལ་འཛིན་སྐྱོང་པ་གཉིས་ཀྱིས་ དངུལ་ཀྲམ་ས་ཡ་༣༢༠ ལྷགཔ་ཅིག་ ཚུལ་མིན་ལག་ལེན་དང་ ལྐོག་ཟ་འབད་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་ཡང་ ཉེས་བཤེར་གྱི་དོན་ལུ་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་མི་ ཞིབ་དཔྱད་སྙན་ཞུ་ནང་ ཁྲི་འཛིན་བླམ་ཚེ་རིང་དབང་འདུས་དང་ ལས་འགུལ་འཛིན་སྐྱོང་པ་ ཡོངས་གྲགས་ལུ་ ཨ་ནེམོ་དམ་ཆོས་ཟེར་སླབ་མི་ དམ་ཆོས་སྒྲོན་༢ ལུ་ མ་དངུལ་ལྐོག་ཟ་དང་ ཉེས་འགེལ་ནང་ སྡོང་ཟླ་དང་རྒྱུད་བསྐུལ་ གནོད་འགེལ་ནང་ བཅའ་མར་གཏོགས་པ་ ངན་ལྷད་ཀྱི་ ཁེ་འབབ་ཚུ་གི་ དངུལ་ཟོལ་གྱི་ ཉེས་འཛུགས་དང་ ཨ་ནེམོ་དམ་ཆོས་ཀྱི་ཚ་བོ་ ལྷའི་མེ་ཏོག་ཕྱིར་ཚོང་དང་ནང་འདྲེན་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ ཡོན་ཏན་རྒྱ་མཚོ་ལུ་ ངན་ལྷད་ཀྱི་ ཁེ་འབབ་ཚུ་ སྦ་གསང་དང་ དབང་འདུས་ཕོ་བྲང་ཕངས་ཡུལ་རྒཔོ་ ཨོ་རྒྱན་ལུ་ ངན་ལྷད་ཀྱི་ ཁེ་འབབ་དངུལ་ཟོལ་གྱི་ ཉེས་འཛུགས་འབད་དགོ་པའི་ གྲོས་འདེབས་བཀོད་ནུག།
ལྷན་ཚོགས་ཀྱིས་ བཀོད་མིའི་ནང་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་མི་ སྒྲུབ་བྱེད་དང་ མི་མང་གིས་ཤེས་དགོཔ་ ཁག་ཆེ་མི་དེ་ཡང་ མི་མང་གིས་ ཞལ་འདེབས་འབད་བའི་ ལས་འགུལ་གྱི་ མ་དངུལ་ཨིནམ་ལས་ མ་འོངས་པ་ལུ་ ཁེ་མིན་ལས་ཚོགས་ནང་ དྭངས་གསལ་དང་ འགན་འཁྲི་བཟོ་ཐབས་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་ཉེས་བཤེར་འབད་ནིའི་ འོས་ཁུངས་སྦོམ་ཡོད་ཟེར་ བཀོད་ནུག།
ཨ་ནེམོ་དམ་ཆོས་ཀྱིས་ སྐུ་འདྲ་གསར་བཞེངས་ལས་འགུལ་གྱི་ མ་དངུལ་ལོག་སྤྱོད་ཐོག་ རྒྱུ་དངོས་རྒྱ་ཆེཝ་སྦེ་ འཆང་སྤྱོད་འབད་བའི་ ཁ་ཉེས་དང་ ལྟ་བཤལ་ཚོང་འབྲེལ་འཐབ་སྟེ་ ལས་འགུལ་གྱི་ མིང་ཐོག་ཁར་ ལྟ་བཤལཔ་ཚུ་ རྒྱལ་ཁབ་ནང་ ལྟ་སྐོར་ལུ་ འོང་བཅུག་ཐོག་ལས་ གཞུང་ལས་ ཁྲལ་ཡངས་ཆག་གནང་ཡོད་རུང་ གཞུང་གིས་ཚད་གཞི་བཟོ་མིའི་ སྤྱོད་འཐུས་ཚུ་ བཀལ་ཡོད་པའི་ ཉོགས་བཤད་ཐོབ་མི་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༦ ལུ་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ནུག།
ཨིན་རུང་ བར་ན་ལས་ བར་བགེགས་ལ་སོགས་པ་བྱུངམ་ལས་ མཚམས་འཇོག་བཞག་པའི་ཤུལ་ལུ་ སྤྱི་ལོ་༢༠༡༨ ཟླ་༢ པའི་ནང་ ཞིབ་དཔྱད་མཐིལ་ཕྱིན་རྐྱབ་ནི་ འགོ་བཙུགས་ཡོདཔ་ད་ མ་དངུལ་ཚུ་ བགོ་བཀྲམ་དང་ ལག་ལེན་འཐབ་ཐངས་ཚུ་ ཤེས་རྟོགས་བྱུང་ཐབས་ལུ་ དུས་ཚོད་ཁག་གཉིས་སྦེ་བཟོ་སྟེ་ སྤྱི་ལོ་༢༠༠༤ ལུ་ ལས་འགུལ་འགོ་བཙུགས་པའི་ ནམ་དུས་ལས་ སྤྱི་ལོ་༢༠༠༨ ཚུན་དང་ གཞན་དེ་ སྤྱི་ལོ་༢༠༠༩ ལས་ སྤྱི་ལོ་༢༠༡༨ ཟླ་༦ པ་ཚུན་ ཞིབ་དཔྱད་རྐྱབ་ཡོདཔ་ཨིན་པས།
མ་དངུལ་ཚུལ་མིན་ལོག་སྤྱོད།
རིང་ཚད་ཕིཊ་༡༦༩ འབད་མི་ རྒྱུ་ལི་གིས་བཞེངས་མི་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་དང་ མཐའ་འཁོར་གྱི་ བཟོ་སྐྲུན་ལཱ་ཚུ་ག་ར་ བླམ་ཚེ་རིང་དབང་འདུས་ཀྱིས་ ཕྱིའི་ཞལ་འདེབས་དང་ ངོ་རྐྱང་གི་ ཞལ་འདེབས་ཚུ་ བསྡུ་བླངས་འབད་མི་ལས་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ བླམ་ཚེ་རིང་དབང་འདུས་ཀྱིས་ སྤྱི་ལོ་༢༠༠༤ ལས་༢༠༠༨ ཚུན་ ལས་འགུལ་འགོ་འདྲེན་འཐབ་ཡོད་རུང་ མ་དངུལ་བསྡུ་བླངས་དང་ ཟད་འགྲོ་བཏང་མི་ཚུ་གི་ རྩིས་ཐོ་ཚུ་ མ་བཞག་པའི་ མངོན་གསལ་བྱུང་ཡོདཔ་ད་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ བླམ་ཁོ་རའི་ རྩིས་ཁྲ་ནང་ མ་དངུལ་བསྡོམས་ དངུལ་ཀྲམ་ས་ཡ་༡༡༤.༠༥༤ ལྷགཔ་ཅིག་ ལྷོད་མི་དང་ དེ་གི་སྐྱེད་ཐོབ་མི་བརྩིས་ཏེ་ མ་དངུལ་བསྡོམས་ས་ཡ་༡༢༡.༤༣༦ ཡོད་མི་ལས་ ལས་འགུལ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༤.༩༧༡ གནས་ཡོད་རུང་ བླམ་ཚེ་རིང་དབང་འདུས་ཀྱིས་ དངུལ་ཀྲམ་ས་ཡ་༧༣.༤༡༧ ལྷགཔ་ཅིག་གི་ རྩིས་བཏོན་མ་ཚུགས་ཟེར་ཨིན་པས།
ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ བླམ་ཚེ་རིང་དབང་འདུས་ཀྱིས་ སྤྱི་ལོ་༢༠༠༩ ཟླ་༦ པ་ལས་ སྤྱི་ལོ་༢༠༡༨ ཟླ་༦ པ་ཚུན་གྱི་བར་ན་ ལས་འགུལ་གྱི་རྩིས་ཁྲ་ནང་ དངུལ་ཀྲམ་ས་ཡ་༣༦༦.༤༧༡ ལྷགཔ་ཅིག་ ལྷོད་ཡོདཔ་བཞིན་དུ་ དངུལ་སྐྱེད་དང་ དངུལ་འཛིན་ཅེག་གཞན་ཚུ་ བཙུགས་མི་ཚུ་བརྩིས་ཏེ་ བསྡོམས་ཀྱིས་དངུལ་ཀྲམ་ས་ཡ་༣༨༡.༦༢༦ ལྷོད་ཡོདཔ་ད་ ལས་འགུལ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༠༤.༥༧༨ གནས་ཡོདཔ་ཨིན་རུང་ དངུལ་ཀྲམ་ས་ཡ་༧༦.༦༠༩ ཁྱད་པར་ཆགས་མིའི་ རྩིས་བཏོན་མ་ཚུགས་པས།
ལས་འགུལ་གྱི་ རྩིས་ཁྲ་དང་ སྒེར་གྱི་རྩིས་ཁྲ་ནང་ཡོད་མི་ མ་དངུལ་དེ་ཚུ་ག་ར་རྩིས་རྐྱབ་ད་ བླམ་ཚེ་རིང་དབང་འདུས་ཀྱིས་ དངུལ་ཀྲམ་ས་ཡ་༣༤༠.༣༩༩ སྤྱོད་མི་དེ་ ཁུངས་བཀལ་མ་ཚུགས་ཟེར་ སྙན་ཞུ་ནང་བཀོད་ནུག།
སྙན་ཞུ་ནང་ བླམ་ཚེ་རིང་དབང་འདུས་དང་ ཨ་ནེམོ་དམ་ཆོས་༢ ཀྱིས་ རིན་ཐང་ཆེ་བའི་ རྒྱུ་དངོས་ཚུ་ མཁོ་སྒྲུབ་འབད་ཡོདཔ་མ་ཚད་ ཁོང་གི་ཉེ་ཚན་ཚུ་ལུ་ཡང་ མཁོ་སྒྲུབ་འབད་དེ་བྱིན་ནུག་ཟེར་ བཀོད་ཡོདཔ་ད་ ལས་འགུལ་གྱི་ མ་དངུལ་ཚུལ་མིན་སྤྱོད་ཡོད་པའི་ ར་ཁུངས་ཚུ་ཡང་ ཁོང་གཉིས་ལུ་ ཐོན་ཁུངས་ཁ་གསལ་མེད་རུང་ འོས་ལྡན་མེད་པའི་ རྒྱུ་དངོས་འཆང་མི་དེ་གིས་ ཤེས་ཚུགས་པས་ཟེར་ བཀོད་ནུག།
ཨ་ནེམོ་དམ་ཆོས་ཀྱིས་ སྤྱི་ལོ་༢༠༠༩ ལུ་ ཐིམ་ཕུག་ལུ་ ལྷའི་མེ་ཏོག་ཕྱིར་ཚོང་དང་ནང་འདྲེན་ ལྷའི་མེ་ཏོག་ལྟ་བཤལ་ལས་སྡེ་ དེ་ལས་ ལྷའི་མེ་ཏོག་གི་ལས་སྡེ་གསུམ་ གཞི་བཙུགས་འབད་མི་དེ་ སྟོན་པ་རྡོར་གདན་མའི་ ལས་འགུལ་གྱི་ ཡིག་ཚང་དང་གཅིག་ཁར་ མཉམ་སྦྲགས་སྦེ་ སྤྱི་ལོ་༢༠༠༩ ཟླ་༣ པ་ལས་ སྤྱི་ལོ་༢༠༡༨ ཟླ་༡༢ པ་ཚུན་ ལག་ལེན་འཐབ་ཡོད་རུང་ ཁང་གླ་ཚུ་ ལས་འགུལ་གྱི་ རྩིས་ཁྲ་ནང་ལས་ དངུལ་ཀྲམ་ས་ཡ་༡.༥༠༦ བཏབ་ཡོད་མི་དེ་ཡང་ ཡིག་ཚང་གི་ ས་ཁོངས་དེ་ མོ་རའི་ཚོང་འབྲེལ་གྱི་དོན་ལུ་ ལག་ལེན་འཐབ་ཡོདཔ་ལས་ ཁང་གླ་དངུལ་ཀྲམ་༧༥༣,༢༡༠ མོ་ལུ་ཕོག་དགོཔ་འདུག་ཟེར་བཀོད་ནུག།
ཞིབ་དཔྱད་འབད་བའི་སྐབས་ མོ་གི་ཚོང་འབྲེལ་ཡིག་ཚང་ནང་ ལཱ་འབད་མི་ མོ་རའི་ཚ་བོ་ བཀོད་ཁྱབ་གཙོ་འཛིན་ ཡོན་ཏན་རྒྱ་མཚོ་ལུ་ བརྒྱུད་འཕྲིན་གྱི་མཐུན་རྐྱེན་དང་ སྤྱོད་འཐུས་ སྤྱི་ལོ་༢༠༡༨ ཟླ་༧ པ་ཚུན་གྱི་བར་ན་ དངུལ་ཀྲམ་ས་ཡ་༢.༤༦༢ ལས་འགུལ་གྱི་ རྩིས་ཁྲ་ནང་ལས་ བཏབ་ཡོདཔ་མཐོང་ནུག།
འབྲུག་གི་ཆོས་སྡེ་ལྷན་ཚོགས་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལཝ་ད་ སྐུ་འདྲའི་ལས་འགུལ་དེ་ བཅའ་ཁྲིམས་ཀྱི་ ཁྱད་ཚད་དང་མཐུནམ་སྦེ་ཡོདཔ་ལས་ ཐོ་བཀོད་འབད་དགོཔ་ཅིག་ཨིན་རུང་ འབད་དེ་མིན་འདུག་ཟེར་ཨིན་པས།
བླམ་ཚེ་རིང་དབང་འདུས་དང་ ཨ་ནེམོ་དམ་ཆོས་གཉིས་ཀྱིས་ ལས་འགུལ་མ་དངུལ་དེ་ ལོག་སྤྱོད་འབད་ཡོད་པའི་ཁར་ བླམ་ཚེ་རིང་དབང་འདུས་ཀྱིས་ ལས་འགུལ་གྱི་ མ་དངུལ་ཚུ་ བཙུགས་ནིའི་དོན་ལུ་ ཁོ་རའི་སྒེར་གྱི་རྩིས་ཁྲ་དེ་ ལག་ལེན་འཐབ་ཡོད་མི་དེ་ཡང་ མ་དངུལ་དེ་ ཁོ་རའི་སྟབས་བདེ་སྡུག་དང་འཁྲིལ་ ལག་ལེན་འཐབ་ནིའི་དོན་ལུ་ བཞག་ཡོད་པའི་ ར་ཁུངས་འདུག་ཟེར་ ཞིབ་དཔྱད་སྙན་ཞུ་ནང་ བཀོད་ནུག།
ཨ་ནེམོ་དམ་ཆོས་དེ་ ལས་འགུལ་གྱི་ འཛིན་སྐྱོང་པའི་ འགན་ཁུར་འབག་ཡོད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་འགུལ་གྱི་དོན་ལུ་ ཟད་འགྲོ་ག་དེམ་ཅིག་ གནས་ཡོདཔ་ཨིན་ན་ ལས་འགུལ་གྱི་ ལས་བྱེདཔ་ཚུ་གིས་ཡང་ སླབ་མི་ཚུགས་པས་ཟེར་ཨིན་པས།
ཕངས་ཡུལ་རྒཔོ་ ཨོ་རྒྱན་ལུ་ ཉེས་འཛུགས་འབད་མི་དེ་ཡང་ བླམ་ཚེ་རིང་དབང་འདུས་ཀྱིས་ ལས་འགུལ་གྱི་དོན་ལུ་ སྤྱི་ལོ་༢༠༠༦ ལུ་ འབྲུག་ཚོང་འབྲེལ་ལས་འཛིན་ལས་ སྣུམ་འཁོར་ལེནཌ་ཀུ་རུ་ཛར་ཅིག་ ཉོ་མི་དེ་ རྒཔོ་ཨོ་རྒྱན་གྱིས་ གནོད་འགེལ་ཨིནམ་ཤེས་བཞིན་དུ་ ཁོ་རའི་སྒེར་དོན་སྦེ་ ལག་ལེན་འཐབ་མི་ལུ་བརྟེན་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *