ཤག་བཟོ་མཁནམ་ ཀརྨ་དབང་ཕྱུག།

སྟོང་གླིང་གཡུས་ཚན་ནང་ ཤག་བཟོ་མཁནམ་ཅིག་ཡོད་མི་དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ།

༉ ལྷུན་རྩེ་ སྨིན་རྗེ་རྒེད་འོག་ སྟོང་གླིང་གཡུས་ཚན་ནང་ ལོ་༡༥ འི་ཧེ་མར་ ཕོ་སྐྱེས་ཅིག་གིས་ ཤག་བཟོ་གཞི་བཙུགས་འབད་མི་ལུ་བརྟེན་ རྒེད་འོག་མ་ཚད་ དམིགས་བསལ་དུ་ གཡུས་མི་ཚུ་ལུ་ ཁེ་ཕན་བྱུང་དོ་ཡོདཔ་ཨིན་པས།
ཨ་ལུ་༤ གི་ཨ་པ་ ཀརྨ་དབང་ཕྱུག་གིས་ གཡུས་ཚན་དེ་ནང་ རྨགཔ་སྦེ་ལྷོད་པའི་ཤུལ་ལུ་ སྣུམ་འཁོར་ལམ་གྱི་འོག་ལུ་ ཐོག་ཚད་༡ འབད་མི་ རྩིག་ཁྱིམ་བཟོ་སྐྲུན་འབད་མིའི་ནང་ ཤིང་གི་ལྦཝ་ལུ་བརྟེན་པའི་ ཅ་ཆས་ཚུ་ བཟོ་བྱིན་དོ་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་རྫོང་ཁག་ལས་ཨིན་མི་ ཤག་བཟོ་མཁནམ་ ཀརྨ་དབང་ཕྱུག་གིས་ རང་ལུགས་ཀྱི་ཅ་ཆས་ ཕོརཔ་དང་ ཟླ་པ་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་དང་ ལྦཝ་དང་ འུག་ཁྲ་ཚུ་ རྟ་དང་མི་སེར་ཚུ་གིས་ སྒལ་ཏོག་ཁར་འབག་སྟེ་ འགྱོ་མ་དགོ་པའི་ ཁེ་ཕན་ཚུ་ བྱུང་ཡོདཔ་ཨིན་པས།
ད་རེས་ནངས་པར་ ཀརྨ་དབང་ཕྱུག་གིས་ ཕོརཔ་དངུལ་ཤན་ཅན་དང་ བླ་ཕོར་སྐེ་དམར་ཅནམ་ སྡེར་ཁབ་ བོད་ཕོར་ བ་སོ་ཕོརཔ་ སྡེརམ་ ཟླ་པ་ རྩམ་སྡེར་ རྡོབ་ སྒོག་ཕོར་ ཙིག་ཀུ་ཁབ་ཏོག་ཅནམ་ ཚོད་རྡོབ་ ཕུད་སྡེར་ ཆང་ཕོར་ མཐོ་སྐལ་ སྨོན་འབྲུ་ཕོརཔ་ གྲྭ་ཕོར་ཚུ་ བཟོ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༥ ལང་མི་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཤག་བཟོའི་ལཱ་དེ་ ཆུང་ཀུ་བསྒང་ལས་ར་ ཕམ་ཚུ་གིས་ སྟོན་བྱིན་པའི་ཁར་ ཕམ་ཚུ་ཡང་ ཤག་བཟོ་ལུ་བརྟེན་ མི་ཚེ་སྐྱོང་ཡོདཔ་ལས་ ད་རེས་ མི་རབས་༤ ལངམ་ཨིན་ཟེར་ཨིན་པས།
སློབ་རིམ་༡༢ པ་ མཐར་འཁྱོལ་བའི་ཤུལ་ལུ་ ཁོ་གི་བུཚ་དེ་གིས་ ད་རེས་ནངས་པར་ བཟོ་རིག་༡༣ ནང་ སྦྱོང་བརྡར་འབད་བའི་བསྒང་ཡོདཔ་ལས་ ཕ་ལས་བུ་དང་ བུ་ལས་ཚ་སྦེ་ ཤག་བཟོའི་ལཱ་འབད་ནི་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
ཁོ་གིས་ ལྦཝ་གིས་བཟོ་མི་ ཅ་ཆས་ཚུ་ བསེ་གཏང་ནིའི་དོན་ལས་ མགོན་པོ་ལུ་ སྤྲོད་དེ་ཡོདཔ་ལས་ ད་རེས་ནངས་པར་ ལཱ་འབད་བའི་བསྒང་འདུག།
སྐྱེས་ལོ་༥༦ ལང་མི་ མགོན་པོ་གིས་ སླབ་མིའི་ནང་ བསེ་གཏང་ནིའི་དུས་ཚོད་དེ་ རང་ཟླ་༥ པ་ལས་༧ པ་ཚུན་ཨིནམ་ལས་ བསེ་ཤིང་ལས་ རྡོག་མ་དང་ འདབ་མ་ཚུ་ལུ་བརྟེན་ དབུར་དགོཔ་ད་ གལ་སྲིད་ ཟླཝ་ཚུ་ནང་ བསེ་གཏང་མ་ཚུགས་པ་ཅིན་ དུས་ཚོད་གཞན་ནང་ མི་བཏུབ་ཟེར་ཨིན་པས།
སོ་ནམ་གྱི་ ལཱ་འབད་བའི་དུས་ཚོད་ལུ་ ཞིང་རྨོ་ནི་དང་ གེ་ཟའི་གཡུར་མ་རྐྱབ་ནི་ དེ་ལས་ ཕྱི་རུ་ ལོ་ཐོག་བསྲུང་ནིའི་ཚུ་ འབད་ནི་ཡོད་རུང་ ལཱ་གཞན་མེད་པའི་སྐབས་ ཟླཝ་ལྷགཔ་ཅིག་རིང་ བསེ་གཏང་སྟེ་སྡོད་དོ་ཡོདཔ་ད་ འོང་འབབ་ཡང་ བཟོ་ཚུགས་པས་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ སྤྱི་ཟླ་༡༡ པ་ལས་༢ པ་ཚུན་ ནགས་ཚལ་དང་ གངས་རི་ཚུ་ནང་ལས་ཕར་ ལྦཝ་དང་ རྫབ་ཤིང་ཚུ་ འཚོལ་བར་འགྱོ་མི་ མཛེས་པ་རྒྱ་མཚོ་གིས་ སླབ་མིའི་ནང་ གཞུང་ལས་ འཚོལ་ཆོག་པའི་ ཆོག་ཐམ་དང་འཁྲིལ་ ཐིམ་ཕུག་དང་ མོང་སྒར་ དར་དཀར་ནང་ དེ་ལས་ དབང་འདུས་རྫོང་ཁག་ཚུ་ནང་ འགྱོ་དོ་ཟེར་ཨིན་པས།
མཛེས་པ་རྒྱ་མཚོ་གིས་ སླབ་མིའི་ནང་ ཆ་རོགས་སྡེ་ཚན་བཟོ་ཞིནམ་ལས་ ལྦཝ་དང་ རྫབ་ཤིང་ཚུ་ འཚོལ་བར་འགྱོ་བའི་སྐབས་ དེ་འཕྲོ་ལས་ འཐོབ་ཚུགས་ནི་ཡོད་རུང་ རེ་ཚེ་སྐབས་ ཟླཝ་༣ ལྷག་སོ་རུང་ མི་འཐོབ་པས་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ ལཱ་འབད་བའི་ཉམས་མྱོང་ཡོདཔ་ལས་ ལོ་རེའི་ནང་ འོང་འབབ་དངུལ་ཀྲམ་༥༠,༠༠༠ རེ་ བཟོ་ཚུགས་པས་ཟེར་ཨིན་པས།
ཟླ་པ་དང་ ཕོརཔ་གི་རིགས་ཚུ་ལུ་ བསེ་གཏང་དགོ་མི་དེ་ཡང་ ཡུན་རིངམོ་སྦེ་ ཐུབ་ཚུགས་ནིའི་དོན་ལུ་ཨིན་ཟེར་ མགོན་པོ་གིས་ སླབ་ཨིན་པས།
ལོ་༡ ནང་ ནགས་ཚལ་ལྷན་ཁག་གིས་ ཤིང་གི་རྩ་བོ་༢ ལས་བརྒལ་ བརྡབ་མ་ཆོགཔ་སྦེ་ཡོདཔ་ལས་ ལོ་༡ ཚུན་ ལང་མི་ཚུགས་པས་ཟེར་ཨིནམ་ད་ ད་ལས་ཕར་ ནགས་ཚལ་ལྷན་ཁག་གིས་ ལམ་ལུགས་བསྒྱུར་བཅོས་འབད་དེ་ ཤིང་གི་རྩ་བོ་༣ གནང་ནི་ཡོད་པ་ཅིན་ ལང་ཚུགས་ནི་མས་ཟེར་ ཤག་བཟོ་མཁནམ་ ཀརྨ་དབང་ཕྱུག་གིས་ སླབ་ཨིན་པས།
དེ་མ་ཚད་ རྫོང་ཁག་རེ་ནང་ ལུང་ཕྱོགས་ནགས་ཚལ་ཡིག་ཚང་ གཞི་བཙུགས་འབད་བ་ཅིན་ མི་སེར་གྱི་ཞབས་ཏོག་ ཉིནམ་༡ ནང་ར་ འཐོབ་ནི་ཨིན་རུང་ ཤིང་གི་ཆོག་ཐམ་ལེན་ནིའི་དོན་ལུ་ མོང་སྒར་ལུང་ཕྱོགས་ནགས་ཚལ་ཡིག་ཚང་ནང་ འགྱོ་དགོཔ་ལས་ བདུན་ཕྲག་ལས་བཅད་དེ་ དུས་ཚོད་འགོརཝ་མས་ཟེར་ཨིན་པས།
ཨིན་རུང་ སྨིན་རྗེ་རྒེད་འོག་གི་ མི་སེར་ཚུ་གིས་ སླབ་མིའི་ནང་ ཤག་བཟོ་མཁནམ་མེད་པའི་སྐབས་ ཟླ་པ་དང་ ཕོརཔ་ཚུ་ མཁོ་སྒྲུབ་འབད་བར་ བཀྲིས་གཡང་རྩེ་རྫོང་ཁག་ཚུན་ འགྱོ་དགོ་ཟེར་ཨིནམ་ད་ ཕོརཔ་རྙིངམ་ཚུ་ བཅོ་ཁ་རྐྱབ་དགོ་མནོ་རུང་ ས་ཐག་རིང་ནི་དེ་གིས་ འབད་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ད་རེས་ནངས་པར་ ལཱ་ཁག་སྦེ་ བཀྲིས་གཡང་རྩེ་རྫོང་ཁག་ནང་ འགྱོ་མ་དགོ་པར་ རང་གི་ ལྦཝ་ཡོད་རུང་ དུས་ཡུན་ཐུང་ཀུ་ཅིག་ནང་ ཤག་བཟོ་མཁནམ་འབད་སར་སོང་སྟེ་ འཇམ་ཏོང་ཏོ་སྦེ་ བཟོ་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།

སྟོང་གླིང་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *