ཚོད་བསྲེ་བཙོང་མི་ སོ་ནམ་པ་ཚུ།

སྟེང་ཐོག་ལུ་ ཚོད་བསྲེ་བཙོང་སྡོད་མི་ཚུ་ འོག་ཐོག་ལུ་སྤོ་བཤུད།

༉ འཕྲལ་ཁམས་ཅིག་ཁར་ མོང་སྒར་གྱི་ རྫོང་ཁག་ཚོགས་འདུ་ འཚོགས་པའི་སྐབས་ མོང་སྒར་ཁྲོམ་གྱི་ ཚོད་བསྲེ་བཙོང་སའི་ ཐོག་ཚད་༣ པའི་ནང་ གཡུས་མི་ཚུ་ ཚོད་བསྲེ་བཙོང་བཅུག་ནིའི་དོན་ལུ་ ལག་ཁྱེར་འཆང་མི་ ཚོད་བསྲེ་ཚོང་པ་ཚུ་ འོག་ཐོག་ལུ་ སྤོ་བཤུད་འབད་དགོ་པའི་ གྲོས་ཆོད་བཏོན་ཡི།
དེ་ཡང་ མོང་སྒར་ཁྲོམ་སྡེའི་ འཐུས་མི་ངོ་ཚབ་ རྣམ་རྒྱལ་རྡོ་རྗེ་གིས་ ཁྲོམ་སྡེ་ཚོགས་ཆུང་འཚོགས་ཞིནམ་ལས་ གཏན་འཇགས་སྦེ་ ཚོད་བསྲེ་བཙོང་མི་ཚུ་ ཐོག་ཚད་༣ པ་ལས འོག་ཐོག་ལུ་ སྤོ་དགོ་པའི་ གྲོས་ཆོད་བཏོན་ཏེ་ ཉེན་བརྡ་འབད་རུང་ སྤོ་འགྱོ་མ་བཏུབ་མི་ལུ་བརྟེན་ ཚོགས་འདུ་ནང་ གསུང་གྲོས་གནང་ནིའི་དོན་ལས་ གྲོས་གཞི་སྦེ་ ཕུལ་ཡི་ཟེར་ཨིན་པས།
གཡུས་མི་ཚུ་གིས་ ཚོད་བསྲེའི་རིགས་ཚུ་འབག་འོང་སྟེ་ ཚོད་བསྲེ་བཙོང་ཁང་གི་ སྦོ་ལོགས་ཁར་ལྷོདཔ་ད་ གཏན་འཇགས་ཀྱི་ ཚོད་བསྲེ་བཙོང་མི་ཚུ་གིས་ སྦུང་ཚོང་སྦེ་ ཉོ་ཞིནམ་ལས་ གོང་ཚད་ཡར་སེང་རྐྱབ་སྟེ་ བཙོང་པའི་ཁར་ རེ་ཚེ་སྐབས་ ཚོད་བསྲེ་ཚུ་ ཨརཝ་ཤོར་བའི་ དཀའ་ངལ་ཡང་ བྱུང་ནུག་ཟེར་ཨིན་པས།
རྣམ་རྒྱལ་རྡོ་རྗེ་གིས་ གཏན་འཇགས་ཀྱི་ ཚོད་བསྲེ་བཙོང་མི་ཚུ་གིས་ སོ་ནམ་པ་ཚུ་ལས་ དངུལ་ཀྲམ་༥ སྦེ་ ཉོ་མི་ཚོད་བསྲེ་དེ་ ལོག་བཙོངམ་ད་ གོང་ཚད་དངུལ་ཀྲམ་༡༥ དང་༢༠ གི་བར་ན་ བཙོངམ་མས་ཟེར་ཨིན་པས།
གཏན་འཇགས་ཀྱི་ ཚོད་བསྲེ་བཙོང་མི་༡༤ གིས་ ཚོད་བསྲེ་བཙོང་སའི་ ས་གོ་ཚུ་ ལྟེམ་ལྟེ་གང་ཡོདཔ་ལས་ གཡུས་མི་ཚུ་ ཚོད་བསྲེ་འབག་སྟེ་ བཙོང་ཁང་ནང་ལྷོདཔ་ད་ ས་གོ་མེདཔ་ལས་ མི་རྒྱུན་འགྲུལ་འཐབ་སའི་ ལམ་གྱི་ཟུར་ཁ་དང་ བཙོང་ཁང་གི་ ཕྱི་ཁ་ལས་ཕར་ བཙོང་དགོ་པའི་ དཀའ་ངལ་བྱུངམ་མས་ཟེར་ འཐུས་མི་ངོ་ཚབ་ཀྱིས་ བཤདཔ་ཨིན་པས།
ལུང་ཕྱོགས་སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེའི་ ཡིག་ཚང་ལས་ རྡོ་རྗེ་རིན་ཆེན་གྱིས་འབད་བ་ཅིན་ ཚོད་བསྲེ་ཁང་ནང་ བཟོ་སྐྲུན་འབད་མི་ ས་གོ་ཚུ་ཡང་ ལག་ལེན་འཐབ་མ་བཏུབ་པར་ཡོདཔ་མ་ཚད་ རྩི་ས་གིས་བཟོ་མི་སྟེགས་ཚུ་ བརྡལ་གཏང་པ་ཅིན་ མ་ཤོང་པའི་དཀའ་ངལ་དེ་ སེལ་ཚུགས་ཟེར་ཨིན་པས།
ཚོད་བསྲེ་ཚོང་པ་ཚུ་གིས་ སླབ་མིའི་ནང་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ གེ་ཟ་སྲིབ་དང་ ཁ་རང་ ཕྱེ་ བསང་ཟས་ འབྲུ་སྣ་ ཚོད་བསྲེ་གི་རིགས་ཚུ་ བཙོངམ་མ་གཏོགས་ ཕྱི་ལས་ནང་འདྲེན་འབད་མི་ཚུ་ བཙོང་ནི་མེན་ཟེར་ཨིནམ་ད་ གལ་སྲིད་ གཡུས་མི་ཚུ་གིས་ ཐོན་སྐྱེད་ཚུ་ བཙོང་མ་ཚུགས་པ་ཅིན་ ཁོང་གིས་ ཉོ་བཞག་སྟེ་ ཆ་རོགས་འབདཝ་ཨིན་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཚོད་བསྲེ་ཚོང་པ་ཚུ་ བཙོང་ཁང་ནང་མི་དེ་ཡང་ སོ་ནམ་ལྷན་ཁག་གི་ སྲིད་བྱུས་དང་སྒྲིག་གཞི་ཚུ་ནང་ བཀོད་མི་དང་བསྟུན་ ནང་འཁོད་ཀྱི་ སོ་ནམ་ཐོན་སྐྱེད་གོང་འཕེལ་གཏང་ཐབས་ལུ་ཨིན་ཟེར་ཨིན་པས།
ཚོད་བསྲེ་ཚོང་པ་༡༤ གི་གྲས་ལས་༣ སློབ་རིམ་༡༠ པ་དང་༡༢ པ་མཐར་འཁྱོལ་མི་ ན་གཞོན་བུམོ་༣ ཨིནམ་ད་ ཁོང་ཆ་ཁྱབ་ ལཱ་གཡོག་མ་ཐོབ་ནི་དེ་གིས་ ཚོད་བསྲེ་བཙོང་སྡོདཔ་ཨིན་པས།
ཁྲོམ་སྡེ་འཐུས་མི་ རྣམ་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ གལ་སྲིད་ ཚོད་བསྲེ་བཙོང་མི་ གཡུས་མི་ཚུ་ མ་ཤོང་པའི་དཀའ་ངལ་འཐོན་པ་ཅིན་ གཏན་འཇགས་ཀྱི་ཚོང་པ་ཚུ་ འོག་ཐོག་ལུ་ སྤོ་འགྱོ་དགོ་པའི་ལོ་རྒྱུས་ ཧེ་མ་ལས་ར་ཡོད་ཟེར་ ཨིན་པས།
ས་གླིང་རྒཔོ་ ཆོས་ཉིད་རྡོ་རྗེ་གིས་ འདས་པའི་ རྫོང་ཁག་ཚོགས་འདུ་ནང་ གྲོས་ཐག་ཆོད་དོ་བཟུམ་སྦེ་ ནང་འདྲེན་འབད་མི་ ཚོད་བསྲེའི་རིགས་ཚུ་ ཚོད་བསྲེ་བཙོང་ཁང་གི་ བར་ཐོག་ལུ་ བཙོང་ནི་དང་ ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་རིགས་ཚུ་ སྟེང་ཐོག་ལུ་ བཙོང་དགོཔ་སྦེ་ཡོད་ཟེར་ཨིན་པས།
ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ནང་བཟུམ་སྦེ་ ཚོད་བསྲེ་དང་ ཆུམ་དང་ གེ་ཟ་སྲིབ་ ཕྱེ་ དེ་ལས་ བསང་ཟས་ཀྱི་རིགས་ཚུ་ ས་གོ་སོ་སོར་སྦེ་ བཙོང་ནིའི་དོན་ལུ་ ཚོད་བསྲེ་ཁྲོམ་ རྒྱ་བསྐྱེད་གཏང་ནིའི་ གསུང་གྲོས་གནང་དགོཔ་འདུག་ཟེར་ ཁོ་གིས་ སླབ་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ བསོད་ནམས་བཀྲིས་ཀྱིས་འབད་བ་ཅིན་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེའི་མ་དངུལ་ རྒྱབ་སྐྱོར་ཐོག་ལས་ ཚོད་བསྲེ་བཙོང་ཁང་ བཟོ་སྐྲུན་འབད་བའི་ཤུལ་ལས་ ཁྲོམ་སྡེ་གིས་ བདག་འཛིན་འབད་དོ་ཟེར་ཨིནམ་ད་ སྟེང་ཐོག་ལུ་ ནང་འཁོད་ཀྱི་ཚོད་བསྲེ་བཙོང་ནི་དང་ བར་ཐོག་ལུ་ ནང་འདྲེན་འབད་མི་ཚོད་བསྲེ་ དེ་ལས་ འོག་ཐོག་ལུ་ ཤ་རིགས་དང་ ཨོམ་བཙོང་ས་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།
ལག་ཁྱེར་འཆང་མི་ཚུ་ ཤོ་མཚུངས་སྦེ་ བར་ཐོག་ལུ་ བཙོང་བཅུག་ནི་དང་ སྟེང་ཐོག་ལུ་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་རྐྱངམ་གཅིག་ བཙོང་ཆོདཔ་བཟོ་ནི་ཨིནམ་མ་གཏོགས་ གཏན་འཇགས་ཀྱི་ ཚོད་བསྲེ་ཚོང་པ་ཚུ་ ས་གོ་གཞན་ཁར་ བདའ་བཏངམ་མེན་ཟེར་ རྫོང་ཁག་བཟོ་རིག་འགོ་དཔོན་གྱིས་ སླབ་ཨིན་པས།
ཚོགས་པའི་ཁྲི་འཛིན་ ཀརྨ་ཨེསི་དབང་ཕྱུག་གིས་ ཚོད་བསྲེ་བཙོང་ཁང་དེ་ རྫོང་ཁག་བདག་སྐྱོང་གི་འོག་ལུ་ཨིནམ་ལས་ དཀའ་ངལ་སེལ་ནིའི་དོན་ལུ་ བདག་སྐྱོང་གིས་ ལྟ་རྟོག་འབད་དགོཔ་སྦེ་ སླབ་མི་དང་བསྟུན་ འཐུས་མི་ཚུ་གིས་ རྒྱབ་སྐྱོར་འབད་ཡོདཔ་ལས་ སྤོ་འབཤུད་འབད་དགོ་པའི་ གྲོས་ཆོད་བཏོན་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ཚུ་ལུ་ འབུབ་ཀྱིས་གནོད་སྐྱོན།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་དང་ འཇིགས་མེད་ཆོས་གླིང་རྒེད་འོག་༢ ཀྱི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་ཅན་ཅིག་ཨིན་མི་ ཨ་ལཱན་ཅི་ཚུ་ལུ་ ངོས་འཛིན་འབད་མ་ཚུགས་པའི་ འབུབ་ཟུན་ཏེ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ སོ་ནམ་རྒྱ་སྐྱེད་ཡིག་ཚང་ལུ་ སྙན་ཞུ་འབད་དེ་ ཉིནམ་དག་པ་ཅིག་ …

Leave a Reply

Your email address will not be published. Required fields are marked *