སྟངས་སི་སྦྱིས་སྤྱི་འོག་གི་ མི་ཚུ་གིས་ ཆུ་གཡུར་བསྐྱར་བཟོ་འབད་བའི་བསྒང་།

སྟངས་སི་སྦྱིས་ལུ་ ཆུ་གཡུར་བསྐྱར་བཟོ་འབད་མི་དེ་གིས་ ཞིང་ཆུའི་དཀའ་ངལ་ སེལ་ཐབས་འབད་ཚུགས་ནི།

༉ དུས་ཅི་ འབྱ་ལཱ་རྐྱབ་ནི་འགོ་བཙུགས་པའི་སྐབས་ སྟངས་སི་སྦྱིས་སྤྱི་འོག་གི་མི་ཚུ་ ཧེ་མ་བཟུམ་སྦེ་ ཞིང་ཆུའི་དཀའ་ངལ་ མི་འབྱུང་ནི་ཨིན་པས།

དེ་ཡང་ ནི་ཀ་ཆུ་གློག་མེ་ལས་འགུལ་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ སྤྱི་འོག་གི་ མི་ཚུ་གིས་ ཆུ་གཡུར་མི་ཊར་༢༣༠ དེ་ཅིག་ བསྐྱར་བཟོ་འབད་མི་ལུ་བརྟེན་ཨིན་པས།

ནི་ཀ་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་ཞིནམ་ལས་ཚུར་ ལས་འགུལ་གྱི་ཨེ་ཌིཊ་༣ པ་དེ་ ས་གནས་ཀྱི་ ཞིང་ཆུའི་རྐ་གུ་ཕོག་ཡོདཔ་བཞིན་དུ་ ལས་འགུལ་གྱིས་ ས་རྡོ་བཀོག་མི་ལུ་བརྟེན་ ས་ཆད་དེ་ ལོ་བསྟར་བཞིན་དུ་ ཆུ་གཡུར་འཕྱགས་བདའ་ཡོདཔ་ལས་ ལྕང་ལཱ་རྐྱབ་པའི་སྐབས་ ཞིང་ཆུའི་དཀའ་ངལ་བྱུང་ཡོདཔ་ཨིན་པས།

སྟངས་སི་སྦྱིས་རྒཔོ་ མགོན་པོ་རྡོ་རྗེས་ཀྱིས་ སླབ་མིའི་ནང་ ཆུ་གཡུར་ལུ་བརྟེན་ ཁྱིམ་གུང་༡༠༣ དེ་ཅིག་གི་ ཆུ་ཞིང་ཨེ་ཀར་༢༠༠ ལྷགཔ་ཅིག་ ལྕང་ལཱ་རྐྱབ་དོ་ཡོདཔ་ཨིན་པས།

ནི་ཀ་ཆུ་གློག་མེ་ལས་འགུལ་གྱི་ ཨེ་ཌིཊ་༣ པ་ལས་ཐོན་མི་ ས་རྡོ་བཀོག་ས་ལུ་ ཆུ་བྱག་རྐྱབ་ཡོདཔ་ཨིན་རུང་ གནམ་བྱཱར་ ཆརཔ་རྐྱབ་པའི་སྐབས་ ས་རུད་ཆད་དེ་ ཆུ་གཡུར་འཕྱགས་བདའ་ཡོདཔ་ད་ རྒེད་འོག་གིས་ ཆུ་དུང་བཙུགས་རུང་ རྡོ་བུད་དེ་ འཕྱགས་བདའ་ཡོདཔ་ལས་ མི་ཚུ་ ལྕང་ལཱ་སྐབས་ ཉིན་བསྟར་བཞིན་དུ་ ཆུ་གཡུར་བཟོ་དགོ་པའི་ དཀའ་ངལ་ཐོན་ཡི་ཟེར་ཨིན་པས།

ད་རེས་ ལས་འགུལ་གྱིས་ མ་དངུལ་༦༠༠,༠༠༠ དེ་ཅིག་ རྒྱབ་སྐྱོར་འབད་དེ་ ཆུ་གཡུར་གསརཔ་བཟོ་དོ་ཡོདཔ་ད་ ད་རུང་ སོ་ནམ་འཕྲུལ་ཆས་ལས་འཛིན་གྱིས་ ས་བརྐོ་འཕྲུལ་ཆས་ རྒྱབ་སྐྱོར་འབད་ཡོད་པའི་ཁར་ ལཱ་དེ་ ཁྱིམ་གུང་རེ་ལས་ མི་རེ་ཐོན་ཏེ་ འབད་དོ་ཡོདཔ་ལས་ ད་ལས་ཕར་ ཆུ་གཡུར་དང་འབྲེལ་བའི་ དཀའ་ངལ་བསལ་ཚུགས་ནི་ཨིན་པས།

སྟངས་སི་སྦྱིས་ ཚོགས་པ་གིས་ སླབ་མིའི་ནང་ ཆུ་གཡུར་བསལ་ནིའི་ལཱ་བརྒྱ་ཆ་༩༥ དེ་ཅིག་ མཇུག་བསྡུ་ཡོད་པའི་ཁར་ ད་རུང་ ཆུ་བྱག་མི་ཊར་༥༠ དེ་ཅིག་ བཟོ་སྐྲུན་འབད་དགོ་ཟེར་ཨིནམ་ད་ དེ་མིན་པ་ཅིན་ ཆུ་གཡུར་བསལ་ཡོད་རུང་ ས་དོང་༣ པའི་ ས་རྡོ་བཀོག་ས་ལས་ ས་རུད་ཆད་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ སངས་རྒྱས་ལྷ་མོ་གིས་ སླབ་མིའི་ནང་ ཧེ་མ་ ཆུ་གཡུར་ནང་ལས་ ཆུ་ཧིང་སངས་ས་ ཐོན་དོ་ཡོདཔ་ཨིན་རུང་ གློག་མེ་ལས་འགུལ་འགོ་བཙུགས་ཏེ་ ཆུ་དང་བཙོག་པ་ཚུ་ ཐོན་དོ་ཡོདཔ་ལས་ ནོར་ལུ་བྱིན་མ་བཏུབ་པའི་ཁར་ ཨ་རིང་ནང་ཡང་ ཐོན་ཡོད་པའི་ དཀའ་ངལ་ཚུ་ག་ར་ ཆུ་གཡུར་བཟོ་མི་དེ་གིས་ བསལ་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ཟ་ལམ་ཆུ་དེ་ ཁོང་གི་ ཕམ་ཚུ་གི་སྐབས་ལས་ར་ ཤིང་གི་ཝ་བཟོ་སྟེ་ ཞིང་ཆུ་བཏོན་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ གློག་མེ་ལས་འགུལ་གྱི་ ས་རྡོ་བཀོག་ས་ལས་ ཆུ་གཡུར་འཕྱགས་བདའ་ཡོདཔ་ལས་ ཞིང་ཆུའི་དཀའ་ངལ་ཐོན་ཡོདཔ་ད་ ད་རེས་ ལས་འགུལ་གྱིས་ མ་དངུལ་བཏོན་པའི་ཁར་ མི་ཚུ་གིས་ ལས་མི་ཐོན་ཏེ་ ལཱ་འབདམི་ལུ་བརྟེན་ ག་ར་ལུ་ ཁེ་ཕན་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལྕང་ལཱ་རྐྱབ་ནི་རན་དོ་ཡོདཔ་ལས་ མི་སེར་ཚུ་གིས་ གྲོས་བསྟུན་འབད་དེ་ ལཱ་དེ་ ཁག་འབགཔ་ལུ་སྤྲོད་པ་ཅིན་ དུས་ཚོད་འགོར་ནི་ཨིནམ་ལས་ ཁོང་གིས་ ལཱ་འབད་ནི་སྦེ་ ཁན་འཆམ་ཡོདཔ་ལས་ དུས་ཅི་ ལྕང་ལཱ་སྐབས་ ཞིང་ཆུའི་དཀའ་ངལ་མི་འཐོན་ཟེར་ཨིན་པས།

དེ་བཟུམ་སྦེ་ ཆུ་གཡུར་དེ་ནང་ ཆུ་མེད་པའི་སྐབས་ ཉེ་འདབས་ལུ་ཡོད་པའི་ ཀི་ལོ་ཝཱཊ་༧༣ འབད་མི་ གློག་མེ་འཕྲུལ་ཁང་ཆུང་བ་ཅིག་ ཡོད་མི་དེ་ཡང་ ལཱ་མེད་པར་ལུསཔ་ཨིན་པས།

གློག་མེ་འཕྲུལ་ཁང་དེ་ སྤྱི་ལོ་༡༩༨༥ ལུ་ ཇ་པཱན་གཞུང་གིས་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༨༧ ལས་ སྟངས་སི་སྦྱིས་ཀྱི་ས་གནས་ནང་ ཁྱིམ་གུང་༤༠ དེ་ཅིག་ལུ་ གློག་མེ་བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

རྒཔོ་མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༠ དེ་ཅིག་ལས་ཚུར་ གློག་ཆས་ཚུ་ཐོན་ཡོདཔ་ལས་ ཁྱིམ་གུང་ག་ར་ལུ་ གློག་མེ་དང་ གློག་ཆས་ཀྱི་ཞབས་ཏོག་བྱིན་ནིའི་ ནུས་ཤུགས་མེདཔ་ལས་ ཁྱིམ་གུང་༡༣ ལུ་བྱིན་ཡོདཔ་ཨིན་པས།

ད་རེས་ ཁྱིམ་གུང་ཚུ་ལུ་ ཀུར་རི་ཆུ་གློག་མེ་ལས་འགུལ་ལས་ གློག་མེ་མཐུད་སྦྲེལ་འབད་ཡོདཔ་ད་ ས་གནས་ནང་ གློག་མེ་མེད་པའི་སྐབས་ ཁྱིམ་གུང་༡༣ ལུ་ འཕྲུལ་ཁང་དེ་ལུ་བརྟེན་ གློག་མེ་ལག་ལེན་འཐབ་དོ་ཡོད་རུང་ ད་རེས་ འཕྲུལ་ཁང་དེ་ར་ ལཱ་མེད་པར་འདུག།

ཚོགས་པ་གིས་ སླབ་མིའི་ནང་ གློག་མེ་འཕྲུལ་ཁང་ཆུང་བ་དེ་ ས་གནས་ནང་ མི་ཚུ་གི་ ཆུ་ཞིང་དོན་ལུ་ ཆུ་སྦོམ་བཏོན་པའི་སྐབས་ ལཱ་འབད་དོ་ཡོདཔ་ད་ དེ་མིན་པ་ཅིན་ ལཱ་མེད་པར་ལུས་ཏེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མ་ ས་གནས་ག་ཏེ་ཡང་ གློག་མེ་མེད་པའི་སྐབས་ སྟངས་སི་སྦྱིས་ལུ་ གློག་མེ་ཡོདཔ་ལས་ མི་ཚུ་གིས་ གློག་མེ་འཕྲུལ་ཁང་དེ་ ནོརབུ་བཟུམ་ཅིག་སྦེ་ བརྩིཝ་ཨིན་ཟེར་ཨིན་པས།

ཆུ་གཡུར་མཇུག་བསྡུ་བའི་ཤུལ་ལས་ ཞིང་ཆུའི་དཀའ་ངལ་བསལ་ཚུགས་པའི་ཁར་ གློག་མེ་འཕྲུལ་ཁང་དེ་ཡང་ ཧེ་མ་བཟུམ་སྦེ་ ལཱ་འབད་ཚུགས་ནི་ཨིན་པའི་གནས་ཚུལ། 

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *