ཀེ་ལ་སྤྱི་འོག་གི་མཐོང་སྣང་།

སྟངས་སི་སྦྱིས་དང་ ཀེ་ལའི་བར་ན་ སོ་ནམ་ཞིང་ལམ་བསལ་ནི།

༉ སྟངས་སི་སྦྱིས་རྒེད་འོག་གི་ ཀེ་ལ་སྤྱི་འོག་དེ་ མཐའ་ཟུར་གྱི་སྤྱི་འོག་ཅིག་ཨིནམ་ད་ མི་ཚུ་ རྒེད་འོག་ནང་འོང་ནིའི་དོན་ལུ་ ཀྲོང་གསར་ཁྲོམ་བརྒྱུད་དེ་ འོང་དགོཔ་ལས་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།

མི་སེར་ཙུ་ ལམ་ཐག་རིང་མི་དང་ སྣུམ་འཁོར་མ་འཐོབ་པའི་ དཀའ་ངལ་བསལ་ནིའི་དོན་ལུ་ སྟངས་སི་སྦྱིས་དང་ ཀེ་ལའི་བར་ན་ འཕྲལ་མགྱོགས་ར་ སོ་ནམ་ཞིང་ལམ་བསལ་ནིའི་ལཱ་ འགོ་བཙུགས་ནི་ཨིན་པས།

རིང་ཚད་ཀི་ལོ་མི་ཊར་༡༡ འབད་མི་ འཁོར་ལམ་དེ་ དུས་ཅི་ འབྱ་ལཱ་མཇུག་བསྡུ་ཞིནམ་ལས་ འགོ་བཙུགས་ནི་ཨིནམ་ད་ དེ་ཡང་ རྫོང་ཁག་ཚོགས་འདུ་ཐེངས་༩ པ་འཚོགས་པའི་སྐབས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ འཆར་གཞི་༡༢ པའི་ནང་ འཁོར་ལམ་དེ་ ལས་སྣ་ནང་བཙུགས་ནིའི་ རྒྱབ་སྐྱོར་ཕུལ་ཡོདཔ་ཨིན་པས།

ད་རེས་ སོ་ནམ་ཞིང་ལམ་སྦེ་ བསལ་ནི་ཨིནམ་ད་ ལམ་དེ་གི་ སྟངས་སི་སྦྱིས་དང་ གླང་མཐིལ་བར་ན་ ལམ་ཀི་ལོ་མི་ཊར་༦༠ དེ་ཅིག་ མར་འབབ་འགྱོ་ནི་ཨིན་པས།

ཀེ་ལ་གི་མི་ཚུ་ ལམ་བསལ་ནི་ཨིན་མི་དེ་ལུ་ སག་ལང་སྟེ་ཡོདཔ་ད་ ད་རེས་ མི་ཚུ་ རྒེད་འོག་ནང་འགྱོ་བའི་སྐབས་ ཕྲང་ལམ་ཡོད་མི་དང་ དེ་མིན་ སྣུམ་འཁོར་འཚོལ་ཏེ་ ཀྲོང་གསར་ལས་ འགྱོ་དགོཔ་ཐོན་དོ་ཡོདཔ་ཨིན་པས།

སྒྲོལ་དཀར་ལྷ་མོ་གིས་ སླབ་མིའི་ནང་ མི་ཚུ་གིས་ རྒེད་འོག་དང་གཡུས་ཀྱི་བར་ན་ ལམ་དགོ་པའི་ཞུ་བ་འབད་ཡོདཔ་ཨིན་རུང་ ད་ཚུན་ རྒྱབ་སྐྱོར་འཐོབ་མ་ཚུགས་ཟེར་ཨིན་པས།

ད་རེས་ ལམ་བསལ་ནིའི་དོན་ལུ་ བརྟག་ཞིབ་ཐེངས་༣ དེ་ཅིག་འབད་ཡོདཔ་ད་ དུས་ཅི་ ལམ་བསལ་ནི་དེ་ གཏན་འཁེལ་ཨིན་པའི་ ལོ་རྒྱུས་གོ་ཡོདཔ་ལས་ མི་ཚུ་ག་ར་ སེམས་དགའ་སྟེ་ཡོད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ལམ་དེ་ལེགས་ཤོམ་སྦེ་བསལ་བ་ཅིན་ ཀེ་ལ་གི་ མི་ཚུ་གིས་མ་དོ་བར་ གཞན་མི་ཚུ་ལུ་ཡང་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ དབང་འདུས་ཀྱིས་ སླབ་མིའི་ནང་ ཀེ་ལ་གི་ཨ་ལོ་ཚུ་ ཚང་ཁ་སླབ་གྲྭ་ལྟེ་བའི་ནང་ཡོདཔ་ལས་ ཨ་ལོ་འཕྱད་པར་ འགྱོ་བའི་སྐབས་ གནམ་བྱཱར་གྱི་དུས་ཚོད་ལུ་ ཕྲང་ལམ་ལས་ ཆུ་བརྒལ་འགྱོ་དགོཔ་ལས་ མི་ཐལ་དོ་ཡོདཔ་ད་ ཨ་ལོ་ཚུ་ཡང་ ངལ་གསོ་འོང་པའི་སྐབས་ ལཱ་ཁག་ཡོད་ཟེར་ཨིན་པས།

དེ་མ་ཚད་ ཕྲང་ལམ་བདའ་སྟེ་ རི་དྭགས་སེམས་ཅན་ཚུ་གི་ ཉེན་ཁ་ཡོདཔ་ད་ ཀྲོང་གསར་བསྐོར་ཏེ་འགྱོ་དགོ་རུང་ སྣུམ་འཁོར་མ་འཐོབ་པའི་ཁར་ གླ་ཆ་ཐེབས་གནསཔ་མས་ཟེར་ཨིན་པས།

རྒེད་འོག་ནང་ འཛོམས་འདུ་དང་ ལཱ་ཚུ་གི་དོན་ལུ་འགྱོཝ་ད་ ཕྲང་ལམ་ཡོད་མི་བདའ་སྟེ་ དུས་ཡུན་ཆུ་ཚོད་༨ ལྷགཔ་ཅིག་ ལམ་འགྲུལ་འབད་དགོ་དོ་ཡོདཔ་ལས་ ལམ་བསལ་གནང་པ་ཅིན་ དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པས།

མི་ཚུ་གིས་ སླབ་མིའི་ནང་ ཀེ་ལ་ལུ་ འབྲུ་སྣ་༩ ག་ར་ ལེགས་ཤོམ་སྦེ་འཚོ་དོ་ཡོདཔ་ལས་ ལམ་བཏོན་པ་ཅིན་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ཐིམ་ཕུག་དང་ རྫོང་ཁག་གཞན་ཁར་ བསྐྱལ་ཚུགསཔ་མ་ཚད་ ན་ཚ་འབྱུང་རུང་ སྨན་ཁང་ནང་འགྱོ་ནི་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ཨིན་པས།

སོ་ནམ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ རྫོང་ཁག་ཚོགས་འདུའི་སྐབས་ གློག་རིག་ཡོངས་འབྲེལ་ཟུམ་གྱི་ཐོག་ལས་ ཞུ་མིའི་ནང་ འགོ་ཐོག་གི་ ལམ་གཅད་ནིའི་དོན་ལུ་ འཆར་དངུལ་ས་ཡ་༧ དེ་ཅིག་ གྲ་སྒྲིག་ཡོདཔ་ལས་ རྫོང་ཁག་ཁ་ཐུག་ལས་ ལཱ་དེ་ གང་མགྱོགས་འགོ་བཙུགས་དགོཔ་སྦེ་ཨིན་པས།

ལམ་དེ་གིས་ ཀྲོང་གསར་གྱི་ ལྷོ་ཁ་ཐུག་གི་རྒེད་འོག་༣ གྱིས་མ་དོ་བར་ གཞལམ་སྒང་དང་ ད་རུང་ ཁེངས་ཁོམ་ཤར་ལས་ མོང་སྒར་རྫོང་ཁག་ སི་ལམ་སྦིས་རྒེད་འོག་ཁ་ཐུག་ ལམ་བཏོན་དོ་ཡོདཔ་ལས་ ལམ་དེ་ མ་འོངས་པའི་ནང་ ཤར་ཕྱོགས་ནུབ་ཕྱོགས་ཀྱི་ རྒྱལ་ཡོངས་ལམ་༢ པ་སྦེ་ འགྱོ་ནིའི་གོ་སྐབས་ཡོདཔ་ལས་ མི་ཚུ་གི་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

སོ་ནམ་ཞིང་ལམ་དེ་ སྟངས་སི་སྦྱིས་རྒེད་འོག་ ཅོར་ཅེང་ལས་ ཀེ་ལ་སློབ་གྲྭ་བརྒྱུད་དེ་ གླང་མཐིལ་ཁ་ཐུག་ཡོད་པའི་ ལམ་རྙིངམ་དེ་དང་ མཐུད་སྦྲེལ་འབད་ནི་ཨིན་པས།

ལམ་དེ་ འཆར་གཞི་༡༢ པའི་ནང་ འགོ་བཙུགས་ནི་དང་ གལ་སྲིད་ མ་བསྒྲུབ་པ་ཅིན་ ཤུལ་མིའི་ལོ་༥ འི་ འཆར་གཞི་ནང་ འཕྲོ་མཐུད་དེ་བསལ་ནི་ཨིནམ་ད་ དེའི་དོན་ལུ་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༡༢༨ ཀྱི་ སྔོན་རྩིས་སྟོན་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *