སྟང་སི་སྦིས་བདེ་ཆེན་གླིང་ལྷ་ཁང་།

སྟང་སི་སྦིས་ཀྱིས་ དུས་རབས་༧ གྱི་རྒྱབ་ལས་ གཏེར་སྟོན་ཤེས་རབ་མེ་འབར་གྱི་ མཐོང་གྲོལ་བཞེངས་ཚུགས་ཡོདཔ།

༉ བུམ་ཐང་རྫོང་ཁག་ སྟང་སི་སྦིས་ལུ་ཡོད་མི་ བདེ་ཆེན་གླིང་ལྷ་ཁང་དེ་ དུས་རབས་༡༤ པའི་ནང་ གཏེར་སྟོན་ཤེས་རབ་མེ་འབར་གྱིས་ ཕྱག་བཏབ་གནང་ཡོདཔ་ལས་ གཡུས་ཚན་དེ་གི་ ཁྱིམ་གུང་༦༥ འི་ མི་སེར་ཚུ་གི་ ཚོགས་བསག་སྒྲིབ་སྦྱང་གི་དོན་ལུ་ ཕྱག་དང་མཆོད་པ་ཕུལ་ས་ སྐྱབས་འཚོལ་སའི་ ལྷ་ཁང་རྩ་ཅན་ཅིག་ཨིན་པས།
དེ་འབདཝ་ད་ གདན་ས་ཆགས་གནང་མི་ གཏེར་སྟོན་ཤེས་རབ་མེ་འབར་ལུ་ གུས་བཏུད་དང་ རྗེས་དྲན་ཞུ་ནི་གི་ སྐུ་འདྲ་དང་ ཡང་ཅིན་ མཐོང་གྲོལ་ཅིག་ མེད་མི་ལུ་བརྟེན་ མི་སེར་ཚུ་ བསམ་པ་མ་རྫོགས་པར་ སྡོད་ཡོདཔ་ཨིན་རུང་ དུས་རབས་༧ གྱི་ཤུལ་ལས་ དུས་ཅི་ལོ་སྔ་ཆ་ལུ་ གཏེར་སྟོན་ཤེས་རབ་མེ་འབར་གྱི་ མཐོང་གྲོལ་ཅིག་ བཞེངས་ཚུགས་ཡོདཔ་ལས་ སེམས་དགའ་སྟེ་འདུག།
དེ་ཡང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢.༤ དེ་ཅིག་ བཏང་ཐོག་ལས་ རྒྱུ་གོས་ཆེན་ལས་བཞེངས་མི་ རིང་ཚད་ཕིཊ་༤༥ དང་ རྒྱ་ཚད་ཕིཊ༣༥ འབད་མི་ གཏེར་སྟོན་ཤེས་རབ་མེ་འབར་གྱི་ མཐོང་གྲོལ་ཆེན་མོ་དེ་ཡང་ གཡུས་ཚན་དེ་གི་ མི་སེར་དང་ ཞི་གཡོགཔ་ དེ་ལས་ ཚོང་པ་ཚུ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
གཡུས་མི་རྒན་ཤོས་ཚུ་གིས་ སླབ་མིའི་ནང་ གཏེར་སྟོན་ཤེས་རབ་མེ་འབར་གྱི་ མཐོང་གྲོལ་སྦོམ་ཤོས་ཅིག་ ད་ལྟོ་ཚུན་ རྒྱལ་ཁབ་ལོས་ཀྱང་ རྒྱ་བོད་ཧོར་༣ ག་ཏེ་ལུ་ཡང་ཡོད་པའི་ ལོ་རྒྱུས་མ་གོ་ཟེར་ཨིནམ་ད་ མཐོང་གྲོལ་དེ་ཡང་ གཏེར་སྟོན་དེ་ སྤྱིར་འབྲུག་རྒྱལ་ཁབ་དང་ ལྷག་པར་དུ་ སྟང་སི་སྦིས་གཡུས་ཚན་གྱི་ མི་སེར་ཚུ་ལུ་ བཀྲིན་འགྲན་ཟླ་དང་ བྲལ་བ་ཅིག་ཨིནམ་ལས་ ཇི་སྲིད་སྐལ་པ་མ་སྟོང་གི་བར་དུ་ གུས་བཏུད་དང་ རྗེས་སུ་དྲན་ཐབས་ལུ་ བཞེངས་ཡོདཔ་སྦེ་ཨིན་པས།
སྟང་སི་སྦིས་ལས་ སྐྱེས་ལོ་༧༤ ལང་མི་ བླམ་བཀྲིས་ཀྱིས་ མཐོང་གྲོལ་བཞེངས་དགོ་པའི་ དམིགས་ཡུལ་གཅིག་ གཡུས་ཚན་དེ་ གཏེར་སྟོན་ཤེས་རབ་མེ་འབར་གྱིས་ གདན་བཅགས་གནང་སྟེ་ ད་ལྟོ་མཇལ་ནི་ཡོད་མི་ ལྷ་ཁང་དེ་ཡང་ གཏེར་སྟོན་ཁོ་ར་གིས་ བཞེངས་གནང་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
བླམ་བཀྲིས་ཀྱིས་འབད་བ་ཅིན་ དུས་ཅི་ གཏེར་སྟོན་པའི་ བཀྲིན་རྗེས་དྲན་ལུ་ མཐོང་གྲོལ་ཅིག་ བཞེངས་ཚུགསཔ་ལས་ མི་སེར་ཚུ་ བསམ་པ་རྫོགས་ཏེ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༦༣ ལང་མི་ ཨམ་ལུང་བསྟན་གྱིས་ སླབ་མིའི་ནང་ ལྷ་ཁང་བཞེངས་ཏེ་ མི་ལོ་ལེ་ཤ་སོང་ཡོད་རུང་ ད་ལྟོ་ཚུན་ཚོད་ མོ་རའི་སེམས་ཁར་ ལྷ་ཁང་བཞེངས་གནང་མི་ གཏེར་སྟོན་ཤེས་རབ་མི་འབར་ ག་བཟུམ་ཅིག་ཡོདཔ་ཨིན་ན་ མནོ་བསམ་བཏང་སྟེ་ར་ སྡོད་མི་དེ་ ད་རེས་ མཐོང་གྲོལ་མཇལ་ཁ་ཞུ་ནི་གི་ གོ་སྐབས་ཐོབ་ལས་ མོ་རའི་རེ་འདོད་ གྲུབ་ཚུགས་ཅི་ཟེར་ཨིན་པས།
བདེ་ཆེན་གླིང་ལྷ་ཁང་གི་རྒྱབ་ཁུངས།
ཐོག་ཚད་གཉིས་འབད་མི་ བྱིན་བརླབས་ཅན་གྱི་ ལྷ་ཁང་དེཡང དུས་རབས་༡༤ པའི་ནང་ བོད་ཁམས་ལྕི་བ་ལས་བྱོན་མི་ གཏེར་སྟོན་ཤེས་རབ་མེ་འབར་གྱིས་ ཁོ་རའི་ལུང་བསྟན་དང་འཁྲིལ་ སྟང་སི་སྦིས་ལུ་ གདན་ས་ཕྱག་བཏབ་གནང་སྟེ་ གླིང་ལྔ་ངོས་འཛིན་འབད་བའི་ཤུལ་ལུ་ གཡུས་ཚན་གྱི་སྦུག་ལུ་ བཞེངས་ཡོད་པའི་ ལོ་རྒྱུས་བཤད་སྲོལ་འདུག།
གླིང་ལྔཔོ་དེ་ཡང་ ཤར་ལྷ་རྒྱལ་གླིང་དང་ ལྷོ་བསམ་གཏན་གླིང་ ནུབ་བཀྲིས་གླིང་ བྱང་དགའ་སྐྱིད་གླིང་ དེ་ལས་ དབུས་བདེ་ཆེན་གླིང་ཟེར་ གླིང་དེ་ཚུ་ནང་ གཏེར་སྟོན་དང་ ཞལ་སློབ་ཚུ་གི་ མཚམས་ཁང་ཚུ་ རྐྱབ་ཐོག་ལས་ སེམས་ཅན་གྱི་ འགྲོ་དོན་ཚུ་ མཛད་ཡོད་པའི་ ལོ་རྒྱུས་ཚུ་ གཡུས་མི་རྒན་ཤོས་ཚུ་གིས་ ངག་རྒྱུན་ཐོག་ལུ་ བཤདཔ་ཨིན་པས།
ད་རེས་ནངས་པར་ བདེ་ཆེན་གླིང་ལྷ་ཁང་དེ་ གཡུས་ཚན་གྱི་སྦུག་ལུ་ ས་ཆ་དགའ་ཏོག་ཏོ་ཅིག་ནང་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ཚུགས་དོ་ཡོདཔ་ད་ ལྷ་ཁང་གི་ ནང་རྟེན་ཚུ་ཡང་ གཏེར་སྟོན་ཁོ་རའི་ཕྱག་བཟོ་དང་ སྲུང་མ་ ཡབ་འཇམ་དཔལ་གཤིན་རྗེ་དང་ ཡུམ་ཀེ་ཀར་ཛ་ཊི་གི་སྐུ་འདྲ་ དེ་ལས་ གཏེར་སྟོན་གྱིས་ གཏེར་ལས་བཞེས་ཡོད་པའི་ རིལམོ་ལ་སོགས་པ་ ནང་རྟེན་རྩ་ཅན་མང་རབས་ཅིག་ མཇལ་ནི་ཡོདཔ་ཨིན་པས།
དེ་མ་ཚད་ ལྷ་ཁང་གི་ ནང་རྟེན་གཞན་ཡང་ གུ་རུ་གཙོ་འཁོར་གསུམ་དང་ སངས་རྒྱས་ཤཱཀྱ་ཐུབ་པ་ སྤྱན་རས་གཟིགས་དང་ ཚེ་དཔག་མེད་ རྡོ་རྗེ་སེམས་དཔའི་སྐུ་འདྲ་ཚུ་ མཇལ་ནི་ཡོདཔ་ད་ ནང་རྟེན་ཚུ་གི་གྲས་ལས་ གཏེར་སྟོན་ཁོ་ར་གིས་ བཞེངས་གནང་མི་དང་ ལ་ལོ་ཁོ་རའི་སློབ་མ་དང་ ས་གནས་ཀྱི་ མི་ཚུ་གིས་ བསྒྲུབས་ཡོདཔ་ཨིན་པས།
གཡུས་ཁའི་རྒན་ཤོས་ཚུ་གིས་ སླབ་མིའི་ནང་ གཏེར་སྟོན་ཤེས་རབ་མེ་འབར་གྱིས་ ལྷ་ཁང་བཞེངས་པའི་ཤུལ་ལུ་ ལྷ་ཁང་ལུ་ རབ་གནས་ཕུལ་ནིའི་དོན་ལུ་ གཏེར་སྟོན་པདྨ་གླིང་པ་མཆོག་ གདན་འདྲེན་ཞུ་བའི་སྐབས་ གཏེར་སྟོན་པདྨ་གླིང་པ་གིས་ ད་རེས་ ང་གིས་ ཁྱོད་ལུ་ ག་ནི་ཡང་ བྱིན་ནི་མིན་འདུག། ཨིན་རུང་ ང་བཅས་ར་གཉིས་ སྟང་སི་སྦིས་ལྷ་ཁང་གི་འོག་ལུ་ ས་གནས་འགེགས་གདོང་ལུ་ བྱོན་གེ་ཟེར་གསུངས་ཏེ་ ཁམས་སངས་ལུ་ བྱོན་ནུག་ཟེར་ཨིན་པས།
དེ་བསྒང་ པདྨ་གླིང་པ་གིས་ གཏེར་སྟོན་ཤེས་རབ་མེ་འབར་ལུ་ ལྷ་ཁང་བཞེངས་ཡོད་པའི་ དགའ་ཚོར་ལུ་ དྲིལ་བུ་གཅིག་དང་ ཀྲང་ཀྲི་གཅིག་ ས་གནས་དེ་ཁ་ལས་ གཏེར་ལུ་བཞེས་ཏེ་ གནང་ཡོད་པའི་ ལོ་རྒྱུས་བཤད་ནི་འདུག། ཨིན་རུང་ ཤུལ་ལས་ དྲིལ་བུ་དང་ ཀྲང་ཀྲི་གཉིས་ཆ་ར་ ད་རེས་ལྷ་ཁང་ནང་ཡོད་མི་ གུ་རུ་རིན་པོ་ཆེའི་ སྐུ་རྟེན་གྱི་ ནང་གཟུངས་སྦེ་ ཕུལ་ཡོདཔ་སྦེ་ཨིན་པས།
ལྷ་ཁང་གི་དཀོན་གཉེར་ ཚེ་དབང་གིས་ སླབ་མིའི་ནང་ ཤུལ་ལས་ མི་སེར་ཚུ་གིས་ རྒྱ་སྐྱེདའབད་ནུག་ཟེར་ཨིན་པས།
ལྷ་ཁང་ནང་ ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་ཡང་ གཏེར་སྟོན་ཁོ་ར་གིས་ སྲོལ་བཙུགས་གནང་མི་ རང་ཟླ་༡ པའི་ནང་ ཡོངས་གྲགས་ལུ་ སྟང་སི་སྦིས་མ་ཎི་ཟེར་ ཚེས་༡༥ ལས་༡༩ ཚུན་ ཉིན་གྲངས་༤ གི་རིང་ ཚེས་བཅུ་བརྩི་སྲུང་ཞུཝ་བཞིན་དུ་ ཉིན་མཇུག་ལུ་ དུས་ཅི་ གསར་བཞེངས་བསྒྲུབས་མི་ གཏེར་སྟོན་ཤེས་རབ་མེ་འབར་གྱི་ མཐོང་གྲོལ་དེ་ མི་མང་ལུ་ མཇལ་ཁ་གནང་ནི་ཨིན་པས།
དེ་ལས་ རང་ཟླ་༨ པ་ལུ་ སྨྱུང་གནས་དང་ ཡར་ངོ་མར་ངོའི་དུས་མཆོད་ཚུ་ བཟུངམ་བཞིན་དུ་ རང་ཟླ་༡༠ པའི་ནང་ ཁེ་དབང་ལྷ་ཟེར་ བརྩི་སྲུང་འབད་ཝ་ཨིན་པའི་གནས་ཚུལ།
པདྨ་གཡུ་སྒྲོན། ཞིབ་རོགས་ལེགས་སྦྱར་བ།
སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ། ཀྲོང་གསར།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *