ཀྲོང་གསར་རྫོང་ཁག་ཁྲིམས་འདུན།

སྟག་རྩེའི་ལེགས་སྦྱར་བ་བགྲེསཔ་༣ གྱིས་ ཉེས་འཛུགས་ཚུ་ལུ་ ངོས་ལེན་མེད་པའི་གསལ་ཞུ།

༉ ཀྲོང་གསར་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་བགྲེསཔ་༣ གྱིས་ ཁྲིམས་སྲུང་འགག་སྡེའི་ཧོངས་ལས་ ཁོང་ལུ་ འདོད་སྤྱོད་གནད་འཚེ་འབད་ཡོད་པའི་ ཉེས་འཛུགས་བཀལ་མི་ལུ་ ངོས་ལེན་འབད་མ་ཚུགས་པའི་ ཞུ་བ་ཕུལ་ཡི།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༥ ལུ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་འདོགས་པ་ ཁྲིམས་སྲུང་འགག་སྡེའི་ བརྒལ་ལན་ཕུལ་མི་ རྩོད་ཟླ་དང་པ་ སྤ་རོ་ལས་ཨིན་མི་ ལེགས་སྦྱར་བ་བགྲེསཔ་གིས་ ཁོ་ལུ་ ཉེས་འཛུགས་ཁག་༤ བཀལ་མི་ལུ་ རྫུན་ཁ་བཟེད་མ་བཏུབ།
ཁོ་གིས་འབད་བ་ཅིན་ སྒང་སྟེང་དགོན་པ་ལུ་ མཛར་ཅུམ་ཟ་བར་ སོང་བའི་སྐབས་ སློབ་ཕྲུག་ལ་ལོ་ འགྲུལ་སྐྱེལ་བཱིས་ནང་དང་ ལ་ལོ་ སློབ་དཔོན་༢ ཀྱི་ སྣུམ་འཁོར་ནང་ འཛུལ་སོང་ཡོདཔ་བཞིན་དུ་ ཁོ་གི་ སྣུམ་འཁོར་ནང་ ཁོ་ལུ་ ཁ་ཉེས་བཀལ་མི་ སློབ་ཕྲུག་བུམོ་དང་ གཞན་༣ ཡང་ཡོད་ཟེར་ཨིནམ་ད་ ཕྱི་རུའི་ལྟོ་ཟ་ཞིནམ་ལས་ སློབ་ཕྲུག་ཚུ་ དོ་དམ་པ་ལུ་ ལྟ་རྟོག་འབད་བཅུག་སྟེ་ མགྲོན་ཁྱིམ་ནང་ བཞག་ཡོདཔ་བཞིན་དུ་ ཁོ་དང་ སློབ་དཔོན་ཆ་རོགས་ དེ་ལས་ བཱསི་གི་དེད་གཡོགཔ་ཚུ་ དགེ་སློང་ཚུ་དང་ ཉལ་བར་སོང་ཡི་ཟེར་ཨིན་པས།
ཁོ་གིས་ བུམོ་དེ་ལུ་ ཐེངས་དང་པའི་སྐབས་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་འབདཝ་ཡོད་པ་ཅིན་ ཁོ་དང་ཕྱད་པར་ འོང་མི་བཏུབ་ཟེར་ ཞུ་བའི་ཁར་ སྡུག་རྩུབ་འབད་ཡོད་པ་ཅིན་ དེ་འཕྲོ་ལས་ སྙན་ཞུ་འབད་དགོཔ་ཁག་ཆེ་ཟེར་ ཞུ་ཡི།
རྩོད་ཟླ་གིས་ ཞུ་མིའི་ནང་ སློབ་ཕྲུག་ཚུ་ལུ་ སེན་མོ་བཏབ་མིའི་ཐད་ལུ་ ཁོ་ར་ སློབ་དཔོན་ཅིག་འབདཝ་ལས་ ཁྱིམ་ལཱ་དང་ སྦྱོང་ལཱ་མ་འབད་བའི་སྐབས་ སློབ་ཕྲུག་ཕོ་མོ་དབྱེ་བ་མེད་པར་ དྲན་བསྐུལ་དང་ སྒྲིག་ཁྲིམས་བཙུགས་ནིའི་དོན་ལུ་ ཁྲིམས་བཟུམ་ཅིག་ཨིན་རུང་ བདག་སྐྱོང་དང་ མི་རེ་༢ དང་ མ་འགྲིགསཔ་ཐོན་པའི་ཤུལ་ལུ་ རྒྱུད་བསྐུལ་ཐོག་ ཁོ་ལུ་ ཉེས་འཛུགས་བཀལ་ཡི་ཟེར་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༨ ལུ་ བུམ་ཐང་ལུ་ མཛར་ཅུམ་ཟ་བར་ འགྱོ་བའི་སྐབས་ ཆང་ཕུད་གཏོར་ཞིནམ་ལས་ བདུད་རྩི་ཨིནམ་ལས་ སློབ་ཕྲུག་ཚུ་ལུ་ ཨ་ཙི་རེ་བྱིན་ཡོདཔ་ད་ ཁོ་ལུ་ ཁ་ཉེས་བཀལ་མི་ བུམོ་དེ་དང་ ཆ་རོགས་༢ སློབ་ཁང་ནང་ བྱ་སྤྱོད་ཀྱི་ དཀའ་ངལ་ཡོདཔ་ལས་ ཁོང་༢ ལུ་ བསླབ་བྱ་དང་འབྲེལ་བའི་ ལོ་རྒྱུས་ཚར་༢ དམིགས་བསལ་སྦེ་ སླབ་ཡོདཔ་ལས་ ད་རེས་ ཁོ་ར་ ནང་དོག་སར་ བཙུགས་པའི་སྐབས་ ཁོང་༢ ཀྱིས་ གོ་སྐབས་ལེན་ཏེ་ ཉེས་འཛུགས་ཁ་སྐོང་བཀལཝ་མས་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཁ་སྐོང་སློབ་སྟོན་འབད་བའི་སྐབས་ སློབ་ཕྲུག་རེ་གཉིས་ དུས་ཚོད་ཁར་ ལྷོད་མ་ཚུགསཔ་ད་ དཔེ་ཆ་དང་ དུས་ཚོད་འཕྲོ་བརླག་འགྱོ་མི་ལུ་ སེམས་ཀྱི་གདིང་ལས་ར་ ཚ་གྱང་ལང་སྟེ་ ཤུལ་ལས་ ཐིམ་ཕུག་ཁྲོམ་ཁར་ བཤལ་འཁྱམས་སྡོད་འོང་ཟེར་སླབ་མ་གཏོགས་ སློབ་ཕྲུག་གི་སེམས་ཁར་གནོད་པའི་གཏམ་ མ་སླབ་ཟེར་ཨིན་པས།
དེ་བཟུམ་སྦེ་ གློག་ཐུང་སྟོན་པའི་སྐབས་ ལྷོད་མ་ཚུགས་མི་ཚུ་ལུ་ ཡོན་ཏན་རྒྱ་སྐྱེད་འབད་ནིའི་ ཐབས་ལམ་ཨིནམ་ལས་ ལྟ་དགོཔ་ཁག་ཆེ་ཟེར་ སླབ་མ་གཏོགས་ གཞན་ག་ལུ་ཡང་ ཆེད་དམིགས་བསྐྱེད་དེ་ མ་སླབ་ཟེར་ཞུ་ཡི།
རྩོད་ཟླ་༢ པ།
དབང་འདུས་ཕོ་བྲང་ལས་ཨིན་མི་ ལེགས་སྦྱར་བ་བགྲེསཔ་གིས་འབད་བ་ཅིན་ སློབ་ཕྲུག་བུམོ་གི་ ཁྱིམ་ནང་སོང་སྟེ་ ལགཔ་བཟུང་ཞིནམ་ལས་ འུ་བཀལ་མི་ལུ་བརྟེན་ བུམོ་དེ་ ཁྱིམ་ཚང་འབད་སར་ སོང་ནུག་ཟེར་བའི་ ཉེས་འཛུགས་བཀལ་མི་དེ་ མི་བདེན་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ ཆ་རོགས་ལེགས་སྦྱར་བ་དང་གཅིག་ཁར་ བུམོ་སྡོད་སའི་ ཁྱིམ་གྱི་ཇོ་བདག་འབད་སར་ ཚོད་བསྲེ་ཉོ་བར་འགྱོཝ་ད་ བུམོ་དེ་དང་ཕྱད་དེ་ མོ་གི་ཁྱིམ་ནང་ ཇ་འཐུང་པར་ ཤོག་ཟེར་སླབ་ལས་ ཇ་འཐུང་སྡོད་པའི་ཤུལ་ལུ་ ཆ་རོགས་དེ་ སློབ་ཕྲུག་བུཚ་ཅིག་གི་ཁྱིམ་ནང་ སྒྲ་སྙན་དཀྲོགས་པར་ སོང་ཡི་ཟེར་ཨིནམ་ད་ དུས་ཡུན་སྐར་མ་༥ དེ་ཅིག་ཁར་ བུམོ་དེ་ ཕྱི་ཁར་འགྱོ་ནི་ཟེར་སོང་ཡོདཔ་བཞིན་དུ་ ཁོ་ཡང་ ཆ་རོགས་འབད་སར་སོང་ཡི་ཟེར་ཞུ་ཡི།
དེ་ལས་ སྤྱི་ལོ་༢༠༡༨ ལུ་ ཤེས་ཡོན་ལྟ་སྐོར་དང་འབྲེལ་ བུམ་ཐང་ལུ་ མཛར་ཅུམ་ཟ་བར་ འགྱོ་བའི་སྐབས་ སློབ་ཕྲུག་བུམོ་ཅིག་ ཕྱི་རུ་ས་གོ་གནག་དུང་ནང་ འཐེན་ཁྱིད་ནུག་ཟེར་མི་དེ་ མི་བདེན་ཟེར་ ཞུ་མི་དེ་ཡང་ ཕྱི་རུའི་ལྟོ་ཟ་ཞིནམ་ལས་ ཞབས་ཁྲ་རྐྱབ་སྡོད་པའི་སྐབས་ ཁོ་ར་ ཆབ་གསང་ལས་ ལོག་འོང་པའི་ལམ་ཁར་ བུམོ་དེ་ མགྲོན་ཁྱིམ་ནང་ ཉལ་བར་འོངམ་ད་ ཁ་ཐུག་རྐྱབ་ཡོདཔ་ལས་ ལགཔ་བཟུང་སྟེ་ ཞབས་ཁྲ་རྐྱབ་པར་ འགྱོ་གེ་ཟེར་ སླབ་ཡོདཔ་མ་གཏོགས་ གཞན་ག་ནི་ཡང་ མ་འབད་ཟེར་ཞུ་ཡི།
སློབ་ཕྲུག་བུམོ་༡ གིས་ ཁྱིམ་ནང་ ལས་འགུལ་དག་བཅོས་འབད་ཞིནམ་ལས་ ཞག་དེ་ཁར་ ཉལ་བའི་སྐབས་ བུམོ་༡ ཁོ་འབད་སར་ ཉལ་བར་ཤོག་ཟེར་ ལོག་ཅི་ར་ ཨུ་ཚུགས་བསྐྱེད་དེ་ སྔུ་བཅུག་མི་ལུ་བརྟེན་ ཁྱིམ་ནང་ལས་ ཐོན་སོང་ནུག་ཟེར་མི་དེ་ ངོས་ལེན་མེད་ཟེར་ རྩོད་ཟླ་གིས་ ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ བུམོ་དེ་གི་ཁྱིམ་ནང་ ལས་འགུལ་དག་བཅོས་འབད་དེ་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ ལང་ཡོདཔ་ལས་ ཁོ་གིས་ མལ་ཆ་ཉལ་ཁྲི་གུ་བཟོ་ཞིནམ་ལས་ སློབ་ཕྲུག་བུམོ་༣ དང་ བུཚ་༡ ས་ཁར་ གཅིག་ཁར་ཉལ་ཡོདཔ་ལས་ མི་ཤོང་པས་ཟེར་མནོ་སྟེ་ སློབ་དཔོན་དང་ སློབ་ཕྲུག་གི་ འདུ་བཤེས་བསྐྱེད་དེ་ ག་འབད་རུང་༡ ཁོ་དང་གཅིག་ཁར་ ཉལ་གེ་ཟེར་སླབ་ད་ ག་ཡང་ འོང་མ་བཏུབ་ལས་ ཁོང་ཆ་ཁྱབ་ མི་ཤོང་ནི་མས་མནོ་སྟེ་ ཁོ་ར་ ལོག་ཁྱིམ་ནང་ ཉལ་བར་སོང་ཡོད་མི་དེ་ བརྡབ་གསིག་འཁྲིགས་ཆགས་ཨིན་མེན་ ཁྲིམས་ཞབས་ཀྱི་ དབྱེ་དཔྱད་མཛད་དགོཔ་སྦེ་ཞུ་ཡི།
སྤྱི་ལོ་༢༠༡༨ ལུ་ ཀུན་དགའ་རབ་བརྟན་ལུ་ མཛར་ཅུམ་ཟ་བར་ སོང་བའི་སྐབས་ རྩོད་ཟླ་གིས་ བུམོ་གི་ ཉལ་ཁྱིམ་ནང་ སོང་ཞིནམ་ལས་ བུམོ་ཅིག་གི་ གདོང་དཀྲོགས་ཏེ་ ཆ་རོགས་གཞན་འཚོལ་བར་ འགྱོ་གེ་ཟེར་ སླབ་པའི་སྐབས་ བུམོ་དེ་གིས་ ཉན་མ་བཏུབ་ལས་ ཙིགཔ་ཟ་སྟེ་ སྐད་རྐྱབ་ཨོམ་དཀྲོག་ནི་གི་ དཔའ་བཅམ་ནུག་ཟེར་མི་དེ་ མི་བདེན་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ མཛར་ཅུམ་ཟ་བའི་སྐབས་ སློབ་ཕྲུག་ག་ར་ཉལ་ས་ མགྲོན་ཁྱིམ་གྱི་ ཁང་མིག་༡ ནང་ ཨིནམ་བཞིན་དུ་ ཕྱི་རུ་ཞབས་ཁྲ་རྐྱབ་སྡོད་པའི་སྐབས་ སློབ་ཕྲུག་ཚུ་ གཅིག་ཁར་སྡོད་མ་བཏུབ་ལས་ འཚོལ་བའི་སྐབས་ བུམོ་དེ་ ཁང་མིག་ནང་ ཉལ་སྡོད་ཡོདཔ་ལས་ ཁོ་གིས་ བུམོ་གི་ཕྱག་ལྟག་གུ་བཤེད་དེ་ མེ་འཕུ་ཡོད་པའི་ ས་གོ་ནང་ འགྱོ་ཟེར་སླབ་ད་ ཉན་མ་བཏུབ་མི་ལུ་བརྟེན་ སློབ་དཔོན་གྱིས་ སླབ་མི་ལུ་ ཉན་ཁུག་མིན་འདུག་ཟེར་སླབ་སྟེ་ ཚོགས་བརྡ་བཏངམ་མ་གཏོགས་ གཞན་ག་ནི་ཡང་ མ་འབད་ཟེར་ཞུ་ཡི།
རྩོད་ཟླ་གིས་ སློབ་ཕྲུག་བུམོ་ཅིག་དང་ མོ་རའི་ཆ་རོགས་དེ་ དཔེ་དེབ་བསྐྱལ་བར་འོང་སྟེ་ ལྟོ་ཟ་བའི་སྐབས་ བུམོ་ཅིག་གི་ ལྟག་ལྐོག་གུ་ ལགཔ་བཀལ་ཐོག་ལས་ ཁོ་དང་གཉེན་རྐྱབ་པ་ཅིན་ ཚོང་ཁང་བཙུགས་བྱིན་གེ་ཟེར་སླབ་སྟེ་ བུམོ་ངོ་ཚ་བཅུག་ནུག་ཟེར་མི་ལུ་ཡང་ཁ་བཟེད་མ་བཏུབ།
རྩོད་ཟླ་༣ པ།
ཆུ་ཁ་ལས་ཨིན་མི་ ལེགས་སྦྱར་བ་བགྲེསཔ་གིས་ རྩེད་ཐང་ནང་ ལྟདམོ་བལྟ་བར་འོང་མི་ བུམོ་ཅིག་གི་ སྦོ་ལོགས་ཁར་ སྡོད་ཞིནམ་ལས་ མོ་གི་བརླད་དོ་དང་ སྒལ་ཏོ་གུ་དཀྲོགས་ཏེ་ བུམོ་དེ་ ངོ་ཚ་བཅུག་ནུག་ཟེར་མི་དེ་ བདེན་པ་རྩ་ལས་མེད་ཟེར་ བརྒལ་ལན་ཕུལ་ཡོདཔ་ད་ དེ་ཡང་ རྩེད་ཐང་གི་ ས་གོ་དེ་ མི་མང་འཛོམས་སར་འབདཝ་ལས་ བྱ་སྤྱོད་དེ་བཟུམ་འཐབ་ནིའི་ འོས་འབབ་མེད་ཟེར་ཞུ་ཡི།
ཉེས་འདོགས་པའི་ ཁ་ཐུག་ལས་ ཁོ་གིས་ ཉམས་རྒུདཔ་བུམོ་ག་ཟེར་མི་དེ་ དཀྲོགས་ཡོདཔ་ཨིན་ན་ གསལ་སྟོན་འབད་དགོ་ཟེར་ ཞུ་ཡོདཔ་ད་ ཉམས་རྒུདཔ་དེ་ གསང་བའི་སྙན་ཞུ་འབད་མི་མེནམ་ལས་ བརྡ་དོན་དང་ ཁ་བྱང་གསང་དགོ་པའི་ འོས་འབབ་མེད་ཟེར་ཞུ་ཡི།
ཁྲིམས་སྲུང་འགག་པ་གིས་ རྩོད་ཟླ་༣ གྱི་ བརྒལ་ལན་དེ་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *