ཀྲོང་གསར་སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ། པར་- སྟག་རྩེ་མཐོ་རིམ་སློབ་གྲྭ།

སྟག་རྩེ་མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་༣ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེའི་ཉེས་འཛུགས།

 ལེགས་སྦྱར་བ་༤ ལུ་ ཡིག་ཚང་གི་ བྱ་སྒོ་ལོག་སྤྱོད་དང་ དོ་དམ་ནང་གི་ བཙན་གཡེམ་ཉེས་འཛུགས་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕྱིར་བཤོལ་འབད་ནུག།
༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཀྲོང་གསར་སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་ རྩོད་རྙོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དེ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ ཉེས་འཛུགས་འབད་མི་ མང་ཤོས་ར་ ཕྱིར་བཤོལ་ཐོག་ ཁ་ཙ་ ཀྲོང་གསར་ཁྲིམས་སྲུང་འགག་སྡེ་ལུ་ ལོག་བཏང་ནུག།
དེ་ཡང་ ཁྲིམས་སྲུང་འགག་སྡེ་གིས་ ལེགས་སྦྱར་བ་དགོངས་ཞུ་བཏང་ཡོད་མི་༤ ལུ་ ཡིག་ཚང་གི་ བྱ་སྤྱོད་ལས་འགལ་མི་དང་ དབང་བཙོང་འདོད་སྤྱོད་ཀྱི་ དཔའ་བཅམ་བཅམ་ དེ་ལས་ དོ་དམ་ནང་གི་ བཙན་གཡེམ་འབད་བའི་ ཉེས་འཛུགས་འབད་མི་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕྱིར་བཤོལ་ཐོག་ ལེགས་སྦྱར་བ་༣ ལུ་ བརྡབ་གསིག་གི་འཁྲིག་ཆགས་སམ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་ཡོད་པའི་ ཉེས་འཛུགས་རྐྱངམ་གཅིག་ བཞག་ཡོདཔ་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ བརྡབ་གསིག་གི་ འཁྲིག་ཆགས་གནོད་འགེལ་དེ་ ཉེས་པ་ཡང་ཕྲ་ཨིནམ་ལས་ རྩོད་བཤེར་གྱི་དོན་ལུ་ ཁྲིམས་སྲུང་འགག་སྡེ་ལུ་ བཏང་ཡོདཔ་ཨིན་པས།
གནོད་འགེལ་ཚུ་ ཉེས་ཕྲའི་ཉེས་རིམ་ལས་ ཉེས་ཆེན་ཚུན་ཚོད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབདཝ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལྟེ་བ་གིས་བཏང་མི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་དང་ ཀྲོང་གསར་ཁྲིམས་སྲུང་འགག་སྡེ་གིས་ སྟག་རྩེ་མཐོ་རིམ་སློབ་གྲྭའི་ནང་ ལེགས་སྦྱར་བ་དང་ སློབ་ཕྲུག་བུམོ་ཚུ་གི་བར་ན་ ཁ་ཉེས་བྱུང་མི་དེ་ལུ་ ཞིབ་དཔྱད་འབད་ཡོད་པའི་ སྙན་ཞུ་དེ་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།
 ཁྲིམས་སྲུང་འགག་སྡེའི་ སྙན་ཞུ་དང་འཁྲིལ་བ་ཅིན་ མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་༩ དང་ རྒྱབ་རྟེན་ལས་བྱེདཔ་༡ བརྩིས་ཏེ་ མི་༡༠ དགོངས་ཞུ་འབད་བཅུག་མིའི་གྲས་ལས་ ལེགས་སྦྱར་བ་༤ དང་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ ལེགས་སྦྱར་བ་༢ ལུ་ དོ་དམ་ནང་གི་བཙན་གཡེམ་དང་ བཙན་གཡེམ་གྱི་དཔའ་བཅམ་བཅམ་ ཡིག་ཚང་བྱ་སྒོའི་ལོག་སྤྱོད་ དེ་ལས་ བརྡབ་གསིག་གི་འཁྲིག་ཆགས་སམ་ འདོད་སྤྱོད་གནོད་འཚེ་ འབད་ཡོད་པའི་ ཁ་ཉེས་བཀལ་ཡོད་རུང་ མང་ཤོས་ར་ བཤོལ་བཞག་འབད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ ཉེས་འཛུགས་དེ་ཚུ་ ཕྱིར་བཤོལ་འབད་མི་དེ་ཡང་ ལེགས་སྦྱར་བ་དང་ སློབ་ཕྲུག་བུམོ་དེ་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་ཞིནམ་ལས་ གཉེན་རྐྱབ་ཡོདཔ་ལས་ དེ་ནང་ ཡིག་ཚང་བྱ་སྒོ་ལོག་སྤྱོད་དང་ འདོད་སྤྱོད་གནོད་འཚེ་འབད་བའི་ གནད་དོན་མ་མཐོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ལེགས་སྦྱར་བ་གཅིག་གིས་ ད་ལྟོ་ དཔེ་ཆ་བལྟ་བའི་བསྒང་ཡོད་མི་ གནས་ཚང་དེ་ ཁོ་ར་ དཔེ་ཆ་ལྷབ་སྦྱང་འབད་དེ་ ལོག་ལྷོད་ཞིནམ་ལས་ མཐོ་རིམ་སློབ་གྲྭའི་བདག་སྐྱོང་ལུ་ གཉེན་སྦྱོར་འབད་ཡོད་པའི་ གསལ་སྟོན་འབད་ཡོདཔ་བཞིན་དུ་ བདག་སྐྱོང་གིས་ཡང་ ངོས་ལེན་འབད་ཡོདཔ་ལས་ གནད་དོན་དེ་ཡང་ ཕྱིར་བཤོལ་འབད་ནུག།
དེ་བཟུམ་སྦེ་ སྐྱེས་ལོ་༥༦ ལང་མི་ ལེགས་སྦྱར་བ་གི་ ཉེས་འཛུགས་དེ་ཡང་ ཕྱིར་བཤོལ་འབད་ཡོད་རུང་ འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་ སྒྲུབ་འབྱེད་གསརཔ་ཡོད་པ་ཅིན་ ཉེས་འཛུགས་ལོག་འབད་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་སྲུང་འགག་སྡེ་ལུ་བྲིས་ནུག།
ཁྲིམས་སྲུང་འགག་སྡེ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ཐོབ་མི་ སྙན་ཞུ་དེ་ བསྐྱར་ཞིབ་འབད་ཞིནམ་ལས་ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་གྱི་དོན་ལུ་ བཤེར་ཡིག་བཙུགས་ནི་ཨིན་པས།
ཉེས་པ་ཡང་ཕྲའི་གནོད་འགེལ་དེ་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ཏེ་ ཁྲིམས་གཅོད་གྲུབ་པའི་ རྩོད་ཟླའི་བཙོན་ཁྲིམས་མཐོ་ཤོས་ ལོ་གཅིག་འོག་རྒྱུ་དང་ དམའ་ཤོས་ཟླཝ་གཅིག་བཀོད་དེ་ཡོད་མི་ལུ་ ཉེས་པ་ཡང་ཕྲ་ཡིན་པར་བརྩི་དགོཔ་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་ནང་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་སྐོར་ སློབ་ཕྲུག་བུམོ་༡༩ གིས་ ཉོགས་བཤད་བཀོད་པའི་ཤུལ་ལས་ སློབ་གྲྭའི་བདག་སྐྱོང་གིས་ ལེགས་སྦྱང་བ་༩ དང་ རྒྱབ་རྟེན་ལས་བྱེདཔ་༡ དགོངས་ཞུ་བཏང་ཡོདཔ་ད་ ལེགས་སྦྱར་བ་༩ ལས་༦ གཏན་འཇགས་ཀྱི་ ལེགས་སྦྱར་བ་དང་༣ ཁག་འབག་ཐོག་ སློབ་སྟོན་འབད་མི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *