ལྟ་བཤལ་ལག་ལེན་པ་ཚུ་གིས་ སྤ་རོ་སྟག་ཚང་ལུ་ བཞོན་རྟ་ཞབས་ཏོག་ལེན་ནིའི་དོན་ལུ་ བཞོན་རྟ་ཁག་འབགཔ་ཚོགས་པ་བརྒྱུད་དེ་ ཞབས་ཏོག་མཁོ་མངགས་འབད་དགོཔ་ཨིན་པས། པར་- བི་བིག་ཚེ་རིང་།

སྟག་ཚང་གི་ བཞོན་རྟ་ཞབས་ཏོག་ ཡར་དྲག་བཏང་ཡོདཔ།

༉ ལྟ་བཤལ་ལག་ལེན་པ་ཚུ་གིས་ སྤ་རོ་སྟག་ཚང་ལུ་ བཞོན་རྟ་ཞབས་ཏོག་ལེན་ནི་གི་ དང་འདོད་ཡོད་མི་ཚུ་གིས་ སྤྱི་ཟླ་༨ པའི་ཚེས་༡ ལས་ འགོ་བཙུགས་ཏེ་ འཕྲལ་ཁམས་ཅིག་ཁར་ གཞི་བཙུགས་འབད་མི་ བཞོན་རྟ་ཁག་འབགཔ་ཚོགས་པ་བརྒྱུད་དེ་ ཞབས་ཏོག་མཁོ་མངགས་འབད་དགོཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ཁྱབ་བསྒྲགས་ཐོག་ལས་ བཞོན་རྟ་ཞབས་ཏོག་ལེན་ནིའི་ དང་འདོད་ཡོད་མི་ཚུ་གིས་ ལྟ་བཤལ་ལག་ལེན་པ་ཚུ་ལུ་ ཞུ་བ་འབད་མི་དང་འཁྲིལཝ་ད་ བཞོན་རྟ་ཞབས་ཏོག་སྤྱོད་ནི་གི་ དང་འདོད་ཡོད་མི་ ལྟ་བཤལ་ལག་ལེན་ལས་སྡེ་ཚུ་གིས་ བཞོན་རྟ་ཚོགས་པ་དང་ འབྲེལ་བ་འཐབ་སྟེ་ ཞབས་ཏོག་མཁོ་མངགས་འབད་ཐོག་ལས་ ཧེ་མ་ལས་བཟོ་སྟེ་ཡོད་མི་ ཁག་འབག་ ཡང་ཅིན་ ད་ལྟོ་ཡོད་པའི་ ཁག་འབག་ཚུ་ མཚམས་འཇོག་འབད་གནང་ཟེར་ཨིན་པས།
དེ་ཡང་ བཞོན་རྟ་ཞབས་ཏོག་ ཡར་དྲག་གཏང་ནི་དང་ ཞབས་ཏོག་ལེན་ཐོག་ལས་ སྟག་ཚང་ལུ་ བྱོན་མི་ཚུ་གི་ ལྟ་བཤལ་པའི་ ཉེན་སྲུང་གི་དོན་ལུ་ གཞི་བཙུགས་འབད་ཡི་ཟེར་ ཁྱབ་བསྒྲགས་ནང་བཀོད་ནུག།
བཞོན་རྟ་མཉམ་འབྲེལ་ཚོགས་པའི་ཁྲི་འཛིན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཚོགས་པ་དེ་ སྤྱི་ལོ་༢༠༡༥ ལས་ གཞི་བཙུགས་འབད་ཡོད་རུང་ ལག་ལེན་འཐབ་ མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ཁར་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ རྫོང་ཁག་ དེ་ལས་ རྒེད་འོག་འགོ་དཔོན་ཚུ་གིས་ བསྐྱར་ཞིབ་འབད་དེ་ ཚོགས་པ་སྦེ་ ངོས་འཛིན་འབད་ཡི་ཟེར་ཨིན་པས།
ད་ལྟོ་ ཚོགས་པའི་ནང་ འཐུས་མི་༣༠ ཡོད་རུང་ སྤྱི་ཟླ་༨ པ་ལས་ ལག་ལེན་འཐབ་པའི་སྐབས་ བསྒྱུར་བཅོས་འགྱོ་འོང་ཟེར་ཨིནམ་ད་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ རྫོང་ཁག་ཚོགས་འདུའི་ གྲོས་ཆོད་ཆ་འཇོག་འབད་བའི་ཤུལ་ལས་ ཞབས་ཏོག་དེ་ ལག་ལེན་འཐབ་ནི་ འགོ་བཙུགས་འོང་ཟེར་ ཚེ་རིང་ཕུན་ཚོགས་གྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་པ་དེ་ཡང་ བཞོན་རྟ་ཞབས་ཏོག་ ཡར་དྲག་བཏང་ཐོག་ལས་ ཞབས་ཏོག་ལེགས་ལྡན་ བཟོ་ཐབས་ལུ་ཨིནམ་བཞིན་དུ་ ད་རེས་ ལྟ་བཤལ་པ་ཚུ་ སྟག་ཚང་འགྱོ་བའི་ ས་གོ་ནང་ ལྷོད་པའི་སྐབས་ བཞོན་རྟ་ལག་ལེན་པ་ཚུ་གིས་ ཞབས་ཏོག་དེ་ བྱིན་དོ་ཟེར་ཨིན་པས།
ཚེ་རིང་ཕུན་ཚོགས་ཀྱིས་འབད་བ་ཅིན་ འདི་བཟུམ་མའི་ གནས་སྟངས་ནང་ མགྱོནམ་ཚུ་གི་གདོང་ཁར་ ལེགས་ཤོམ་ཅིག་ མི་མཐོང་པས་ཟེར་ཨིནམ་ད་ རྟའི་ཇོ་བདག་ཚུ་གིས་ བཞོན་རྟ་ཚུ་གི་ འོས་འབབ་ཚུ་ཡང་ བལྟ་ནི་མིན་འདུག་ཟེར་ བཤདཔ་ཨིན་པས།
བཞོན་རྟ་ཁག་འབགཔ་ཚུ་གིས་ རྟ་རེ་ལུ་ གོང་ཚད་ཕབ་ཆག་ཐོག་ལས་ འཐུས་དངུལ་ཀྲམ་༤༠༠-༥༠༠ འི་བར་ན་ ལེན་དོ་ཡོདཔ་ད་ ལ་ལོ་གིས་ དངུལ་ཀྲམ་༡,༠༠༠-༡,༥༠༠ དེ་རེ་ཡང་ ལེན་དོ་ཡོདཔ་ཨིན་པས།
ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ གལ་སྲིད་ ཁག་འབགཔ་ཅིག་ལས་ བཞོན་རྟ་༣ ལེན་པ་ཅིན་ རྟ་གི་འཐུས་ དངུལ་ཀྲམ་༨༨༠ རེ་སྦེ་ བཟོ་སྟེ་ཡོད་པའི་ཁར་ ལྟ་བཤལཔ་ཚུ་གིས་ རྟ་རེ་མཁོ་འདོད་བཀོད་པ་ཅིན་ ཁོང་གིས་ དངུལ་ཀྲམ་༡,༡༠༠ རེ་དགོཔ་སྦེ་ སླབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *