ནུབ་སྦིས་རྒེད་འོག་གི་ སྤྱི་འོག་༥ ལུ་ ཞིང་རྨོ་འཕྲུལ་ཚུ་ བགོ་བཀྲམ་འབད་བའི་བསྒང་།

སྟག་ཉམས་སྲུང་འབད་བའི་དགའ་ཚོར་ལུ་ ཞིང་རྨོ་འཕྲུལ་ཚུ་ གྲོགས་རམ་བྱིན་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་ཞུཝ་དང་འབྲེལ་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་འོག་གི་ བུམ་ཐང་མངའ་སྡེའི་ནགས་ཚལ་ཡིག་ཚང་གིས་ ཀྲོང་གསར་ནུབ་སྦིས་རྒེད་འོག་གི་ སྤྱི་འོག་༥ ལུ་ སེམས་ཅན་སྟག་ཉམས་སྲུང་འབད་ཡོད་པའི་ དགའ་ཚོར་ལུ་ ཞིང་རྨོ་འཕྲུལ་༥ བཀྲམ་སྤེལ་འབད་ཡི།

ཞིང་རྨོ་འཕྲུལ་ཚུ་ཡང་ དགེ་ལེགས་ཕུག་ལུ་ཡོད་པའི་ རྒྱལ་ཡོངས་སྟག་ལྟེ་བའི་འོག་ལུ་ཡོད་པའི་ བེ་ནི་ཤིང་ཊེ་ཞར་ལས་འགུལ་གྱི་ རྒྱབ་སྐྱོར་ཐོག་ལས་ བཀྲམ་སྤེལ་འབད་ཡི།

མངའ་སྡེའི་ནགས་ཚལ་ཡིག་ཚང་གི་ གཙོ་འཛིན་འགོ་དཔོན་ སྤང་ཀེ་འབྲུག་པ་གིས་ སླབ་མིའི་ནང་ འཕྲུལ་གླང་ཚུ་ཡང་ མི་སེར་ཚུ་ལུ་ སེམས་ཅན་སྟག་གི་ གནོད་པ་སྦོམ་བཀལ་ཡོདཔ་ཨིན་རུང་ མི་ཚུ་གིས་ མངའ་སྡེའི་ནགས་ཚལ་ཡིག་ཚང་དང་ མཉམ་འབྲེལ་ཐོག་ལས་ སྟག་ཉམས་སྲུང་འབད་ནིའི་དོན་ལུ་ རྒྱབ་སྐྱོར་འབད་བའི་དགའ་ཚོར་ལུ་ གྲོགས་རམ་བྱིན་ཡོདཔ་སྦེ་ཨིན་པས།

མི་ཚུ་གིས་ གཅན་གཟན་སྟག་ལུ་ གནོད་པ་མ་བཀལ་བར་ སྟག་གི་གྱངས་ཁ་ ཡར་སེང་འབད་ནི་ལུ་ རྒྱབ་སྐྱོར་འབད་ཡོདཔ་སྦེ་ཨིན་པས།

སྟག་གིས་ ནོར་ཚུ་ལུ་གནོད་པ་བཀལ་ཡོད་པའི་ སྙན་ཞུ་མཐོ་ཤོས་ར་ ནུབ་སྦིས་རྒེད་འོག་ནང་ཨིནམ་བཞིན་དུ་ འཕྲུལ་གླང་དེ་གིས་ མི་སེར་ཚུ་ལུ་ སོ་ནམ་གྱི་ལཱ་འབད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

མ་འོངས་པ་ལུ་ རྒྱབ་སྐྱོར་འཐོབ་པ་ཅིན་ རྫོང་ཁག་དང་ རྒེད་འོག་གཞན་ཚུ་ནང་ཡང་ དེ་བཟུམ་གྱི་ ལས་རིམ་འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ཨིན་པས།

ཀྲོང་གསར་རྫོང་ཁག་ནང་ སྤྱི་ལོ་༢༠༡༨ ལས་ ད་ལྟོ་ཚུན་ སྟག་ཚུ་གིས་ ནོར་༥༨༠ དེ་ཅིག་ བསད་ཡོདཔ་ད་ དེ་ཡང་ ནོར་༣༠༠ ལྷགཔ་ཅིག་ ནུབ་སྦིས་རྒེད་འོག་ནང་ཨིནམ་ལས་ མཐོ་ཤོས་ཅིག་ཨིན་པས།

སྟག་གིས་གནོདཔ་བཀལ་མི་ ཡར་སེང་འགྱོ་དོ་ཡོདཔ་ལས་ མངའ་སྡེའི་ནགས་ཚལ་ཡིག་ཚང་གི་ཁ་ཐུག་ལས་ རྒུད་འཐུས་སྤྲོད་པ་གིས་མ་ཚད་པར་ སྟག་འཁྱམས་སའི་ཁོངས་ ཡར་རྒྱས་བཏང་སྟེ་ གཅན་གཟན་དེ་ གཡུས་ཀྱི་ཉེ་འདབས་ལུ་ འོང་ནི་ལས་ མར་ཕབ་འབད་ནིའི་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།

ནུབ་སྦིས་རྒཔོ་ ཨྱོན་བསྟན་འཛིན་གྱིས་ ལས་རིམ་སྐབས་བཤད་མིའི་ནང་ སྟག་ཚུ་གིས་ ནུབ་སྦིས་རྒེད་འོག་ནང་ ནོར་ཚུ་ལུ་ གནོད་པ་སྦོམ་བཀལ་ཡོདཔ་བཞིན་དུ་ མི་ཚུ་གིས་ རྒུད་འཐུས་འཐོབ་པའི་ རེ་བ་བསྐྱེད་ཡོདཔ་ད་ སོ་ནམ་བློན་པོ་གིས་ འདེམས་ཁོངས་ལྟ་སྐོར་ནང་འོང་པའི་སྐབས་ འཕྲུལ་གླང་ཚུ་བྱིན་པ་ཅིན་ མི་ཚུ་ལུ་ ཕན་ཐོགས་འབྱུང་ནིའི་ཨིན་པའི་ ཞུ་བ་ འབད་ཡོདཔ་སྦེ་ཨིན་པས།

ཁོ་གིས་སླབ་མིའི་ནང་ འཕྲུལ་གླང་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནི་དང་ མི་ཚུ་ལུ་ ཞབས་ཏོག་བྱིན་ནིའི་དོན་ལུ་ རྒེད་འོག་ཚོགས་སྡེ་གིས་ འཕྲུལ་གླང་གི་ ལག་ལེན་ལམ་སྟོན་སྒྲིག་གཞི་ཅིག་ བཟོ་འོང་ཟེར་ཨིན་པས།

ག་སྒར་ཚོགས་པ་ སྐལ་བཟང་འགྱུར་མེད་ཀྱིས་ སླབ་མིའི་ནང་ འཕྲུལ་གླང་དེ་གིས་ འཕྲུལ་གླང་མེད་མི་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ཨིནམ་ད་ ད་རེས་ སྒེར་གྱི་འཕྲུལ་གླང་ཚུ་ གླ་ཁར་ལེན་པའི་སྐབས་ གླ་ཆ་མཐོ་སུ་སྦེ་ སླབ་དོ་ཡོདཔ་ཨིན་པས།

སྤྱི་འོག་ལ་ལོ་ནང་ དུས་ཡུན་ཆུ་ཚོད་རེ་ལུ་ འཕྲུལ་གླང་གི་གླ་ཆ་ དངུལ་ཀྲམ་༤༠༠ སླབ་དོ་ཡོདཔ་ད་ ལ་ལོ་ཅིག་ནང་ ཉིནམ་༡ ལུ་ དངུལ་ཀྲམ་༢༥༠༠ དེ་ཅིག་ སླབ་དོ་ཡོདཔ་ཨིན་པས།

ཚོགས་པ་གིས་ སླབ་མིའི་ནང་ སྤྱི་འོག་རེ་ལུ་ འཕྲུལ་གླང་༡ ལས་བརྒལ་མེད་རུང་ ཁྱིམ་གུང་ལེ་ཤ་ཡོདཔ་ལས་ མི་ག་ར་ལུ་ ཞབས་ཏོག་བྱིན་ནིའི་ནང་ གདོང་ལེན་འབྱུང་ནི་བཟུམ་ཡོདཔ་ལས་ ལམ་སྟོན་དང་འཁྲིལ་ཏེ་ ཞབས་ཏོག་བྱིན་འོང་ཟེར་ཨིན་པས།

འཕྲུལ་གླང་ཚུ་ སྣུམ་བླུག་ནི་དང་ ཉམས་བཅོས་འབད་ནི་ དེ་ལས་ ལག་ལེན་པའི་འཐུས་སྤྲོད་ནིའི་དོན་ལུ་ མི་ཚུ་ལས་ འཐུས་དུམ་གྲ་རེ་ བསྡུ་ལེན་འབད་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *