སྒོ་བསྡམས་ཡོད་པའི་ སྟག་ཁམ་སྦིས་མི་སྡེ་སློབ་གྲྭ།

སྟག་ཁམ་སྦིས་སྤྱི་འོག་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་དགོ་པའི་ རེ་བ།

༉ མོང་སྒར་ ཙ་ཀ་གླིང་རྒེད་འོག་ སྟག་ཁམ་སྦིས་སྤྱི་འོག་ནང་ དུས་ཅི་ ལོ་འགོ་བཙུགས་པའི་སྐབས་ མི་སྡེ་སློབ་གྲྭ་ སྒོ་བསྡམས་པའི་ཤུལ་ལུ་ མི་སྡེའི་ནང་ ཨ་ལོ་ཆུང་ཀུ་ཚུ་ དཔེ་ཆ་ལྷབ་ས་མེད་པའི་ དཀའ་ངལ་ཐོན་ཏེ་འདུག།
གཡུས་ཁའི་མི་སེར་ཚུ་གིས་ སྤྱི་ལོ་༢༠༡༧ ཚུན་ མི་སྡེ་སློབ་གྲྭ་དེ་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༤ པ་ཚུན་ སློབ་སྟོན་འབད་བའི་སྐབས་ ཐ་ན་ སྐྱེས་ལོ་༣ དང་༤ ལང་མི་ ཨ་ལོ་ཚུ་གིས་ཡང་ སློབ་གྲྭ་དེ་ནང་ དཔེ་ཆ་ལྷབ་ཡོད་མི་དེ་ ད་རེས་ གནས་སྟངས་སྐྱོ་དྲགས་ལུ་ གྱུར་ཡོདཔ་ཨིན་པས།
སྟག་ཁམ་སྦིས་ལས་ སྐྱེས་ལོ་༢༠ ལང་མི་ ནོར་བུ་སྒྲོལ་མ་གིས་ སླབ་མིའི་ནང་ སྤྱི་འོག་གི་དོན་ལུ་ སློབ་གྲྭ་ཡོད་རུང་ དཔེ་ཆ་ལྷབ་མི་ ཨ་ལོ་ལངམ་སྦེ་ ཐོན་མ་ཚུགསཔ་ལས་ ཙ་ཀ་གླིང་སློབ་གྲྭ་ཆུང་བའི་ནང་ སྤོ་བཤུད་འབད་བའི་ཤུལ་ལུ་ ད་རེས་ སྟོང་ཧང་ཧ་སྦེ་ལུས་མི་ སློབ་གྲྭ་དེ་ནང་ ཨ་ལོ་ཆུང་ཀུ་ཚུ་གི་དོན་ལུ་ གཅེས་སྐྱོང་ལྟེ་བ་གཞི་བཙུགས་འབད་དགོཔ་འདུག་ ཟེར་ཨིན་པས།
བཀྲིས་མོ་ལུ་ ཨ་ལོ་༣ ཡོད་མི་ལས་ སྦོམ་ཤོས་དེ་ར་ ཙ་ཀ་གླིང་སློབ་གྲྭ་ཆུང་བའི་ནང་ དཔེ་ཆ་ལྷབ་དོ་ཡོད་རུང་ སྐྱེས་ལོ་༢ དང་༤ ལང་མི་ ཨ་ལོ་༢ མོ་ར་དང་གཅིག་ཁར་ ཁྱིམ་ནང་ཡོད་ཟེར་ཨིནམ་ད་ གཡུས་ཚན་གཞན་ཚུ་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་དོ་བཟུམ་སྦེ་ སྤྱི་འོག་ནང་ཡང་ ངེས་པར་དུ་ དགོཔ་འདུག་ཟེར་ ཨིན་པས།
གལ་སྲིད་ སྤྱི་འོག་ནང་ རྒེད་འོག་བདག་སྐྱོང་དང་ རྫོང་ཁག་ཤེས་རིག་སྡེ་ཚན་གྱིས་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ མཐུན་རྐྱེན་གཞི་བཙུགས་འབད་ནི་ལུ་ རྒྱབ་སྐྱོར་བྱིན་པ་ཅིན་ ཨ་ལོ་ཁོང་ར་ལུ་ ཕན་ཐོགས་འབྱུང་ནི་མ་ཚད་ ཕམ་ཚུ་ སོ་ནམ་གྱི་ལཱ་འབད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ བདེ་ཆེན་ཆོས་སྒྲོན་གྱིས་ སླབ་ཨིན་པས།
རྒེད་འོག་གི་དམངས་མི་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ སྤྱི་འོག་དེ་གི་ མི་སེར་ཚུ་གི་དོན་ལུ་ ཨ་ལོ་གཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་དགོ་པ་ཅིན་ ད་ལྟོ་ ཨ་ལོ་ལངམ་སྦེ་ ཡོད་མེད་ཀྱི་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ ཨིན་པས།
རྒེད་འོག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྟག་ཁམ་སྦིས་དང་ ཤེས་རབ་ཆོས་གླིང་མི་སྡེ་སློབ་གྲྭ་དེ་ དུས་ཅི་ སྒོ་བསྡམས་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་ རྒེད་འོག་ལུ་ ཨ་ལོ་གཅེས་སྐྱོང་ལྟེ་བ་༢ གཞི་ བཙུགས་འབད་ནི་སྦེ་ཡོད་ཟེར་ ཨིན་པས།
མོང་སྒར་རྫོང་ཁག་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་༢༦ དང་ གཞི་རྟེན་ཤེས་ཡོན་སློབ་ཁང་༧༣ ཡོདཔ་ཨིན་པའི་གནས་ཚུལ།

ཙ་ཀ་གླིང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *