སྔ་ཚང་-ཀོ་རི་ལ་བར་ནའི་གཞུང་ལམ་ ལེགས་བཅོས་འབད་ཡོདཔ།

༉ ཧེ་མ་འབད་བ་ཅིན་ མོང་སྒར་སྔ་ཚང་ལྷ་ཁང་དང་ ཀོ་རི་ལ་གི་བར་ན་ གཞུང་ལམ་ཀི་ལོ་མི་ཊར་༡༡ དེ་ཅིག་བདའ་སྟེ་ འགྲོ་འགྲུལ་འབདཝ་ད་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ འགོར་དོ་ཡོད་རུང་ ད་རེས་ ཆུ་ཚོད་ཕྱེད་ལྷགཔ་ཅིག་ལས་བརྒལ་ མི་འགོར་དོ་ཡོདཔ་ལས་ སྣུམ་འཁོར་བཏང་མི་ཚུ་ སེམས་དགའ་སྟེ་འདུག།

དེ་ཡང་ ལམ་རྒྱ་སྐྱེད་བཏང་པའི་ཤུལ་ལས་ མེདཔ་ཐལ་ནི་དེ་གིས་ དུས་ཡུན་རིངམོ་སྦེ་འགོརཝ་མ་ཚད་ སྣུམ་འཁོར་ཚུ་ མེདཔ་བཏང་པའི་ ཉོགས་བཤད་བཀོད་མི་ ཐོན་ཡོད་རུང་ ད་རེས་ནངས་པར་ རྩི་ནག་གཏང་ནིའི་དོན་ལུ་ ས་དང་རྡོ་རུག་བླུགས་ཏེ་ ལམ་སྙོམས་ཏོག་ཏོ་ བཟོ་ཡོདཔ་ཨིན་པས།

གླ་འཁོར་གྱི་དེད་གཡོགཔ་ ཟླ་བ་སེངྒེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སྔ་ཚང་ལས་ ཀོ་རི་ལ་ཚུན་ཚོད་ ལྷོད་ནི་ལུ་ སྣུམ་འཁོར་ཆུང་བ་ཅིག་གིས་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ འགོརཝ་ཨིན་རུང་ ད་རེས་ནངས་པར་ དུས་ཡུན་སྐར་མ་༢༥ ལས་བརྒལ་ མི་འགོར་བའི་ཁར་ ལམ་རྩི་ནག་བཏང་ཚར་བ་ཅིན་ ལྷག་པ་དུ་ བསྟུམ་འགྱོ་ནི་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ མོང་སྒར་དང་ གསེར་གཞོང་བར་ན་ ནང་འཁོད་འགྲུལ་འཁོར་བཱསི་བཏང་མི་ དེད་གཡོགཔ་དང་ ཇོ་བདག་ཨིན་མི་ རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་ ལམ་ལེགས་ཤོམ་མེདཔ་ལས་ འཕྲལ་འཕྲལ་ར་ སྣུམ་འཁོར་མེདཔ་ཐལ་ཏེ་ སྣུམ་འཁོར་བཅོ་ཁང་ནང་ འགྱོ་དགོ་པའི་ གདོང་ལེན་བྱུང་ཡོད་རུང་ ད་རེས་ནངས་པར་ ལམ་གྱི་གནས་སྟངས་ ལེ་ཤ་གིས་ དྲག་པའི་ཁར་ དུས་ཡུན་ཡང་ ཐུང་སུ་ཅིག་ནང་ ལྷོད་ཚུགས་པས་ཟེར་ཨིན་པས།

གཞུང་ལམ་གུ་ རྩི་ནག་གཏང་ནིའི་ལཱ་དེ་ སྤྱི་ལོ་༢༠༡༩ ཟླ་༣ པའི་ནང་ ཁག་འབགཔ་ཅིག་ལུ་ སྤྲོད་ཡོད་རུང་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཡིག་ཚང་དང་ ཁག་འབགཔ་གི་བར་ན་ སྟབས་མ་བདེཝ་ བྱུང་པའི་ཤུལ་ལས་ སྤྱི་ཟླ་༦ པའི་ནང་ ཁག་འབག་དེ་ ཆ་མེད་བཏང་ནུག། 

དེ་ལས་ ན་ཧིང་ སྤྱི་ལོ་༢༠༢༠ ཟླ་༨ པ་ལས་ གཞུང་ལམ་རྩི་ནག་གཏང་ནི་ ལོག་འགོ་བཙུགགས་ནིའི་དོན་ལུ་ ཨེམ་པ་ཡར་བཟོ་སྐྲུན་ལས་སྡེ་ལུ་ ཁག་འབག་གི་ ལཱ་སྤྲོད་ཡོདཔ་ཨིན་པས།

ལས་འགུལ་བཟོ་རིག་འགོ་དཔོན་ བློ་བཟང་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ རིང་ཚད་ཀི་ལོ་མི་ཊར་༡༠.༧ འབད་མི་ལས་ ཀི་ལོ་མི་ཊར་༡༠.༣ དེ་ཅིག་ ས་དང་རྡོ་རུག་བླུགས་ཏེ་ སྙོམས་ཏོག་ཏོ་བཟོ་ཚར་ཡོདཔ་ད་ ད་ལྟོ་ འཁོར་ལམ་གྱི་ གཡུར་བ་བསལ་བའི་བསྒང་ཡོད་པའི་ཁར་ ལམ་མི་ཊར་༤༠༠ དེ་ཅིག་ རྒྱ་སྐྱེད་ཐོག་ རྩི་ནག་གཏང་ནིའི་དོན་ལུ་ ལཱ་ཐེབས་ཐོབ་ཡོད་མི་དེ་ ཧ་ལམ་བརྒྱ་ཆ་༦༠ འབད་ཚར་ཡོདཔ་བཞིན་དུ་ ད་རིས་ཀྱི་ ཟླ་མཇུག་ཁམས་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།

ཁོ་གིས་ བཤད་མིའི་ནང་ སྤྱི་ཟླ་༣ པའི་ སྔ་ཆ་ལས་ ལམ་རྩི་ནག་གཏང་ནི་ འགོ་བཙུགས་ནི་ཨིནམ་ད་ ལཱ་ཚུ་ ཁག་འབག་གི་ གནས་ཡུན་མཇུག་མ་བསྡུཝ་ལས་ དུས་ཅི་ སྤྱི་ཟླ་༧ པ་དང་༨ པའི་བར་ན་ མཇུག་བསྡུ་སྟེ་ རྩིས་སྤྲོད་འབད་ཚུགས་པའི་ དམིགས་གཏད་ཡོད་ཟེར་ཨིན་པས།

ཨིན་རུང་ བློ་བཟང་ཆོས་གྲུབ་ཀྱིས་འབད་བ་ཅིན་ ལམ་རྩི་ནག་གཏང་ནིའི་དོན་ལུ་ འཕྲུལ་ཆས་ཀྱི་ དེད་གཡོགཔ་༣ དང་ ལས་མི་དག་པ་ཅིག་ རྒྱ་གར་བི་ཧཱར་ལས་ ལེན་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོད་མི་དེ་ རྒྱ་གར་ལས་ ནང་འདྲེན་འབད་དགོ་མི་ ཅ་ཆས་ཚུ་ དུས་ཚོད་ཁར་ ལྷོད་མི་ལྷོད་ལུ་ རག་ལས་འོང་ཟེར་ཨིན་པས།

གླིང་མེད་ཐང་ལམ་སེལ་ལས་ཁུངས་ཀྱི་ ལུང་ཕྱོགས་ཡིག་ཚང་གིས་ རྒྱ་ཚད་མི་ཊར་༧ འབད་མི་ གཞུང་ལམ་རྩི་ནག་གཏང་ནིའི་ ཁག་འབག་གི་ལཱ་དེ་ དུས་ཅི་ སྤྱི་ཟླ་༩ པ་ཚུན་ དུས་ཡུན་ཟླ་ངོ་༡༥ གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༢༩.༡༡ སྦེ་ སྤྲོད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

མོང་སྒར་སྔ་ཚང་ལྷ་ཁང་དང་ ཀོ་རི་ལ་གི་བར་ན་ གཞུང་ལམ་གུ་ རྩི་ནག་བཏང་པའི་བསྒང་།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *