སྒྲིག་གཞི་ལས་འགལ་བའི་ གནད་དོན་ཚུ་ལུ་བརྟེན་པའི་ ཚ་གྱང་།

༉ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྒྲིག་གཞི་ཐོག་ལུ་ ཞིབ་དཔྱད་འབད་མིའི་ སྙན་ཞུ་དང་འཁྲིལཝ་ད་ སྒྲིག་གཞི་ལས་འགལ་བའི་གནད་དོན་ ལེ་ཤེ་བྱུང་མི་ལུ་བརྟེན་ ཚ་གྱང་ལང་དགོཔ་བྱུང་མི་དེ་ཡང་ ས་མཚམས་ཁྲོམ་ཚོགས་དེ་ ཧ་ལམ་ དུས་ཡུན་ཟླཝ་༣ དེ་ཅིག་གི་རིང་ འགྲོ་འགྲུལ་བཀག་དམ་འབད་ནི་དེ་གིས་ཨིན་མས།

རྒྱལ་ཡོངས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་དང་ ཕུན་ཚོགས་གླིང་ལུ་ འབྲེལ་གཏོགས་ཡོད་མི་ དབང་འཛིན་ཚུ་གིས་ འདི་བཟུམ་མའི་ སྒྲིག་གཞི་ལས་འགལ་བའི་ གནད་དོན་བྱུང་མི་ཚུ་ ཤེས་རྟོགས་ཡོདཔ་མ་ཚད་ དྲན་གསལ་འབད་མི་ཡང་ ལེ་ཤ་ཐོན་ནུག།

མ་གཞི་ ག་ལུ་ཡང་ ཁ་ཉེས་བཀལ་ཐབས་མེད་རུང་ སྙན་ཞུ་འབད་མི་ གནད་དོན་ཚུ་ལུ་ ཚུལ་མཐུན་ངོས་ལེན་ཅིག་ འབྱུང་མ་ཚུགས་མི་ལུ་བརྟེན་ ས་གནས་ནང་ སྡོད་མི་ཚུ་གི་སྣང་བ་ལུ་ འགྲོ་འགྲུལ་བཀག་དམ་ སྒྲིང་སྒྲི་འབད་རུང་ ཉིན་བསྟར་བཞིན་དུ་ ནད་ཡམས་ཐོབ་མིའི་ གནད་དོན་ཚུ་ ཆད་ནི་མེད་པར་ཐོནམ་ད་ དོགས་པ་ཆགས་ཏེ་འདུག།

ད་རེས་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཡོངས་ཞིབ་དཔྱད་སྡེ་ཚན་གྱིས་ གྲོས་འདེབས་མང་རབས་ཅིག་ འབད་ཡོདཔ་ཨིན་རུང་ སྙན་ཞུ་དེ་ལུ་ ཁྲིམས་མཐུན་རྒྱབ་རྟེན་མེདཔ་ལས་ ལས་བྱེད་ཚོགས་ཆུང་གིས་ གྲོས་འདེབས་འབད་མི་ཚུ་ ལག་ལེན་འཐབ་ནིའི་ འགན་འཁྲི་མེདཔ་ཨིན་མས།

སྙན་ཞུ་དེ་ པར་སྐྲུན་འབད་བའི་ཤུལ་ལས་ ལས་བྱེད་ཚོགས་ཆུང་གིས་ གནད་དོན་ལ་ལོ་ཅིག་ སེལ་ཐབས་འབད་དོ་ཡོདཔ་མ་ཚད་ གློ་བུར་ངོས་ལེན་འབད་ནི་ཚུ་ འགོ་བཙུགས་ནུག།

ཨིན་རུང་ ལས་བྱེད་ཚོགས་ཆུང་གི་ ཁྲི་འཛིན་གྱིས་ བསླབ་སྟོན་དང་ བཀོད་རྒྱ་བྱིན་མི་ཚུ་ ལག་ལེན་འཐབ་མི་ ངོ་ཚབ་ཚུ་གིས་ བསྟར་སྤྱོད་འབད་ནིའི་དོན་ལུ་ ཁ་གསལ་སྦེ་མེདཔ་ད་ དེ་ཡང་ གནད་དོན་མང་ཤོས་ཅིག་ནང་ ག་གིས་ལག་ལེན་འཐབ་ནི་ཨིན་ནའི་ བདག་དབང་མེད་མི་ལུ་ལྟཝ་ད་ ས་གནས་ནང་ གནད་དོན་ལེ་ཤ་ཡོད་པའི་ སྒྲུབ་བྱེད་གསལ་སྟོན་འབདཝ་ཨིན་མས།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྙན་ཞུ་དང་འཁྲིལཝ་ད་ ཕྱིར་ཚོང་དང་ ནང་འདྲེན་གྱི་སྒྲིག་གཞི་ཚུ་ ཚུལ་མཐུན་ལག་ལེན་མ་འཐབ་པའི་ཁར་ ལེགས་བཅོས་འབད་ནིའི་ གྲོས་འདེབས་ཚུ་ཡང་ བསྟར་སྤྱོད་མ་འབད་བར་ འདུག་ཟེར་ཨིན་མས།

ཁྲིམས་སྲུང་འགག་པ་དང་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་ལུ་ ཉེན་སྐྱོབ་ཅ་ཆས་ཚུ་ དུས་རྒྱུན་བཀྲམ་སྤེལ་མེད་པའི་ཁར་ སྒྲིག་གཞི་ལས་འགལ་བའི་ དོགས་པ་ཡོད་རུང་ ལྟ་རྟོག་འབད་མི་ཅིག་ ག་ཡང་མེདཔ་ཨིན་མས།

སྙན་ཞུ་དང་འཁྲིལཝ་ད་ ས་མཚམས་བདའ་སྟེ་ ཉིན་ནུབ་མེད་པར་ ལྟ་རྟོག་འབད་མི་ཚུ་གིས་ ཉེན་ཁ་ཅན་གྱི་ས་གནས་ དཔྱེ་འབད་བ་ཅིན་ ས་མཚམས་བྱང་རྩིག་གི་ ཉེ་འདབས་ལུ་སྡོད་མི་ཚུ་གིས་ ཅ་ཆས་ཚུ་ བརྗེ་སོར་འབད་རུང་ ཞིབ་དཔྱད་འབད་མ་ཚུགས་པར་ ལུས་ཡོདཔ་ད་ ལས་བྱེད་ཚོགས་ཆུང་ལུ་ གནད་དོན་འདི་གི་སྐོར་ལས་ དྲན་གསོ་འབད་དེ་ ལོ་ལང་སོ་རུང་ ད་རེས་མ་གཏོགས་ དྲན་བཏོན་འབད་མ་ཚུགས་པར་ ལུས་སོ་ནུག།

ཕུན་ཚོགས་གླིང་ལུ་ སི་སི་ཊི་བི་པར་ཆས་༧༡ གཞི་བཙུགས་འབད་དེ་ཡོད་རུང་ ལྟ་རྟོག་འབད་མི་༢ ལས་བརྒལ་མེད་ནི་དེ་གིས་ དུས་ཡུན་སྐར་ཆ་༡༥ དང་༣༠ འི་བར་ན་ སྒྲིག་གཞི་ལས་འགལ་མི་ཚུ་ ཐོན་དོ་ཡོདཔ་ཨིན་མས།

དོས་ཕབ་བཀལ་ས་ཁོངས་ནང་ ལཱ་འབད་མི་ཚུ་གི་གནས་སྟངས་ ཉེན་ཁ་ཡོད་པའི་སྐོར་ལས་ སྙན་ཞུ་འབད་རུང་ ད་ལྟོ་ཚུན་ ཁོང་གི་སྡོད་གནས་ཚུ་ ལེགས་བཅོས་འབད་ནི་ལུ་ བརྩོན་ཤུགས་མ་བསྐྱེདཔ་ཨིན་མས།

ནད་ཡམས་ཀྱི་སྐབས་ལུ་ འཕྲོད་བསྟེན་ཉེན་སྲུང་དོན་ལུ་ གཙོ་རིམ་བཟུང་ནི་མ་གཏོགས་ བྱ་རིམ་མང་བའི་ ལམ་ལུགས་ཀྱིས་ སྤྱིར་བཏང་མི་མང་གི་ ཉེན་སྲུང་ལུ་ བར་ཆད་དང་གནོད་སྐྱོན་ རྐྱབ་བཅུག་ནི་མི་འོང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *