སྒྲ་དབྱངས་ཁང་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ནིའི་དོན་ལས་ གྲོས་བསྟུན་ཞལ་འཛོམས་ འཚོགས་པའི་བསྒང་།

སྒྲ་དབྱངས་ཁང་དང་འབྲེལ་བའི་ སྙན་ཞུ་འབད་ནིའི་དོན་ལུ་ ཚོགས་ཆུང་བཟོ་ནི།

༉ སྒྲ་དབྱངས་ཁང་ཚུ་ནང་ ལཱ་འབད་མི་ བུམོ་ཚུ་གི་ དཀའ་ངལ་སེལ་ཐབས་འབད་ནི་དང་ བཅའ་ཁྲིམས་དང་སྒྲིག་གཞི་ཚུ་ བསྟར་སྤྱོད་འབད་ཚུགསཔ་ བཟོ་ནིའི་དོན་ལུ་ ད་ལས་ཕར་ སྒྲ་དབྱངས་ཁང་ཚུ་གི་ ཚོགས་ཆུང་ཅིག་ བཟོ་ནི་ཨིནམ་ད་ དེའི་དོན་ལུ་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ སྒྲ་དབྱངས་ཁང་༡༣ གྱི་ ངོ་ཚབ་སྦེ་ སྒྲ་དབྱངས་ཁང་ནང་ལཱ་འབད་མི་ བུམོ་༣ བཙག་འཐུ་འབད་ཡི།
ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གི་ མི་སྡེའི་ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ མི་ནག་ཤ་ རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྒྲ་དབྱངས་ཁང་དང་འབྲེལ་བའི་ བཅའ་ཁྲིམས་ཚུ་ཡོད་དེ་འབད་རུང་ བསྟར་སྤྱོད་ཀྱི་ཐད་ཁར་ལྷོདཔ་ད་ འབད་མ་ཚུགས་པར་ ཐོགས་ལུས་ཏེ་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཚོགས་ཆུང་བཟོ་མི་དེ་གིས་ དཀའ་ངལ་ཚུ་ སེལ་ཚུགས་པའི་ དམིགས་པ་ཨིན་ཟེར་ཨིནམ་ད་ ལས་སྡེ་ནང་ རྩུབ་སྤྱོད་དང་འབྲེལ་བའི་ ཐོ་བཀོད་འབད་མི་ བརྒྱ་ཆ་༩༨ ཨམ་སྲུ་ཚུ་ཨིན་པའི་ཁར་ སྒྲ་དབྱངས་ཁང་ཚུ་ནང་ ལཱ་འབད་མི་བུམོ་ཚུ་གིས་ཡང་ རྒྱབ་སྐྱོར་འཚོལ་བར་ འོང་ནི་ཡོད་ཟེར་ཨིན་པས།
ད་རེས་ ཚོགས་ཆུང་བཟོ་མི་དེ་ འགོ་དང་པ་ཨིནམ་ལས་ མཐར་འཁྱོལ་འགྱོ་བ་ཅིན་ རྫོང་ཁག་གཞན་ཚུ་ནང་ཡང་ འགོ་བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ མི་ནག་ཤ་ རའི་གིས་བཤད་ཅི།
མོ་གིས་ སླབ་མིའི་ནང་ སྒྲ་དབྱངས་ཁང་ནང་ལས་ཐོན་མི་ སྙན་ཞུ་ཚུ་ མང་ཤོས་ར་ ཕོ་སྐྱེས་ཚུ་གིས་ བཀོ་བཞག་སྟེ་ འགྱོ་དོ་ཡོད་པའི་སྐོར་ལས་ ཐོན་ཏེ་ཡོད་ཟེར་ཨིན་པས།
ཉིནམ་༡ འབད་མི་ གྲོས་བསྟུན་ཞལ་འཛོམས་སྐབས་ སྒྲ་དབྱངས་ཁང་ཚུ་གི་ ངོ་ཚབ་བུམོ་ཚུ་གིས་ ལཱ་འབད་བའི་སྐབས་ལུ་ དཀའ་ངལ་ག་ཅི་ར་ ཐོན་དོ་ཡོདཔ་ཨིན་ནའི་སྐོར་ལས་ གསལ་བཤད་འབད་ཡི།
བུམོ་ཚུ་ལུ་ དཀའ་ངལ་ལེ་ཤ་ཡོད་པའི་གྲས་ལས་ སྒྲ་དབྱངས་ཁང་ ལ་ལོ་ཅིག་གིས་ དུས་ཚོད་ཁར་ དུམ་གྲ་རེ་ ཕྱིས་སོ་རུང་ ཇོ་བདག་ཚུ་གིས་ དངུལ་ཕོགས་བཏོག་བཏང་དོ་ཡོད་མི་དེ་ ད་རེས་ སྒྲ་དབྱངས་ཁང་གི་ ཇོ་བདག་དང་ འཛིན་སྐྱོང་པ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ ལས་སྡེ་གིས་ དངུལ་ཕོགས་བཏོགས་མི་དེ་ ད་ལས་ཕར་ བཤོལ་བཞག་དགོཔ་སྦེ་ སླབ་ནི་ཟེར་ བཤད་ཅི།
སྒྲ་དབྱངས་ཁང་ལ་ལོ་ཅིག་ནང་ འགོ་དང་པ་འཛུལཝ་ཅིག་ བུམོ་ཚུ་གིས་ ཇོ་བདག་དང་གཅིག་ཁར་ གན་ཡིག་བཟོ་མི་ལུ་བརྟེན་ གཞན་ཁར་ལཱ་འབད་ནིའི་ གོ་སྐབས་ཐོབ་རུང་ འགྱོ་མ་ཚུགས་པར་ ཐོགས་ལུས་པའི་དཀའ་ངལ་ཚུ་ཡང་ ཡོདཔ་ཨིན་པས།
བུམོ་ཚུ་གིས་ བཤད་མིའི་ནང་ ཇོ་བདག་ཚུ་གིས་ ནུབ་མོ་སྒོ་བསྡམ་ནིའི་ དུས་ཚོད་ཁར་ རྩ་ལས་ར་ བསྡམ་ནི་མེདཔ་ལས་ འོང་འབབ་ཐོབ་མིའི་ བགོ་བཤའ་དེ་ ལཱ་འབད་མི་ཚུ་ལུ་ བྱིན་ནི་མེདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ལྟ་རྟོག་ལེགས་ཤོམ་སྦེ་ འབད་དགོཔ་འདུག་ཟེར་ཨིན་པས།
ཇོ་བདག་ལ་ལོ་གིས་ ལཱ་འབད་མི་ཚུ་ལུ་ ཆ་རོགས་ལེགས་ཤོམ་འབད་དོ་ཡོད་རུང་ ལ་ལོ་ཅིག་གིས་ དཀའ་ངལ་ཚུ་ཐོནམ་ད་ ཆ་རོགས་འབད་མི་བཏུབ་པས་ཟེར་ཨིན་པས།
སྒྲ་དབྱངས་ཁང་ཅིག་ནང་ ལཱ་འབད་མི་ བུམོ་ཅིག་གིས་ སླབ་མིའི་ནང་ འཕྲལ་འཕྲལ་སྐབས་ རྩུབ་སྤྱོད་དང་འབྲེལ་བའི་ དཀའ་ངལ་ཐོན་པའི་སྐབས་ ཇོ་བདག་འབད་སར་འགྱོཝ་ད་ ཆ་རོགས་འབད་ནི་མེན་པར་ ང་བཅས་ཀྱིས་ དཀའ་ངལ་སེལ་དགོཔ་སྦེ་ སླབ་ནི་དེ་གིས་ ཐབས་ར་མེད་པར་ དེ་སྦེ་ར་ བཞག་དགོཔ་ཐོནམ་མས་ཟེར་ཨིན་པས།
ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ རྟ་མགྲིན་དབང་མོ་གིས་ སྒྲ་དབྱངས་ཁང་ནང་ ལཱ་འབད་མི་ཚུ་ལུ་ ཕོ་སྐྱེས་ཚུ་གིས་ ག་བཟུམ་ཡང་ སླབ་མི་ཐོན་དོ་ཡོད་རུང་ རང་གི་ཚོད་དེ་ རང་གིས་ར་ བདག་འཛིན་འཐབ་པ་ཅིན་ རང་གི་དབང་ཆ་དེ་ཡང་ རང་གིས་ བཟོ་ཚུགས་ཟེར་བཤད་ཅི།
བཅའ་མར་གཏོགས་མི་ཚུ་ལུ་ ཕོ་སྐྱེས་དང་ཨམ་སྲུའི་བར་ན་ འབྲེལ་བ་འཐབ་པའི་གནས་སྟངས་ནང་ ག་དེ་སྦེ་ བློ་སླབ་དགོཔ་ཨིན་ནའི་སྐོར་ལས་ཡང་ བསླབ་སྟོན་ཐུང་ཀུ་ཅིག་ བྱིན་ཡི།
བཀོད་ཁྱབ་མདོ་ཆེན་གྱིས་ ཕོ་སྐྱེས་ཚུ་གིས་ འདོད་སྤྱོད་འབད་ནིའི་ཐབས་ལུ་ ཐབས་ཤེས་སྣ་ཚོགས་སྒོ་ལས་ བློ་སླབ་པའི་སྐབས་ ཨམ་སྲུ་ཚུ་གིས་འབད་རུང་ ཐབས་ཤེས་ཀྱི་ཐོག་ལས་ གོ་སྐབས་མ་བྱིན་པར་ བཞག་ཐབས་འབད་དགོ་ཟེར་ བཤད་ཅི།
སྒྲ་དབྱངས་ཁང་ཚུ་ དུས་ཚོད་ཁར་ སྒོ་མ་བསྡམ་པར་ བཞག་མིའི་ཐད་ཁར་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ བཤད་མིའི་ནང་ སྒྲ་དབྱངས་ཁང་ཚུ་ དུས་ཚོད་ཁར་ སྒོ་བསྡམས་མ་བསྡམ་གྱི་ཐད་ཁར་ ལྟ་རྟོག་འབད་མི་དེ་ ཆང་ཁང་གི་ ཚོགས་པ་དང་ བསྟན་རྒྱས་ལས་ཁུངས་ཀྱི་ འགན་ཁུར་ཨིནམ་ལས་ ཁྲིམས་སྲུང་འགག་སྡེ་གིས་ དེ་ཅིག་ར་ ལྟ་རྟོག་འབད་ནི་མེད་ཟེར་བཤད་ཅི།
ཁོ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པའི་ འགན་ཁུར་གཙོ་བོ་ར་ ཁྲོམ་སྡེ་ནང་ བྱ་ངན་འབད་མི་ཚུ་ ལྟ་རྟོག་འབད་ནི་ཨིནམ་ལས་ དེ་བཟུམ་མའི་ གནས་སྟངས་ཚུ་ཡང་ དུས་རྒྱུན་དུ་ ལྟ་རྟོག་འབད་ནི་དེ་ གདོང་ལེན་སྦོམ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་བཤད་ཅི།
ཚོགས་ཆུང་གི་ ངོ་ཚབ་ཚུ་གིས་ ཤུལ་ལས་ སྒྲ་དབྱངས་ཁང་དང་འབྲེལ་བའི་ གནད་དོན་ཚུ་ ག་ཅི་ར་འཐོན་རུང་ ངོ་ཚབ་ཚུ་གིས་ ཐད་ཀར་དུ་ སྙན་ཞུ་འབད་དགོཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *