སྒོའི་ལྡེ་མིག་ བཅག་དཀྲུམས་བཏང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ།

༉ སྐྱེས་ལོ་༤༠ ལང་མི་ ཕོ་སྐྱེས་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཛོམས་ཁང་གི་ སྒོའི་ལྡེ་མིག་ བཅག་དཀྲུམས་བཏང་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡ ཕོག་ཡོདཔ་ཨིན་པས།

ཐིམ་ཕུག་རྫོང་ཁག་གི་ ཉེས་རྩོད་ཁྲིམས་ཁྲི་དང་པ་གིས་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་བཙན་སྐྱོགས་རྡོ་རྗེ་གིས་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༢༤ གི་ དྲོ་པའི་ཆུ་ཚོད་༣ དང་སྐར་མ་༢༥ དེ་ཅིག་ཁར་ འཛོམས་ཁང་དེ་ནང་སོང་སྟེ་ རྡོ་གིས་ སྒོའི་ལྡེ་མིག་ བཅག་དཀྲུམས་བཏང་ཞིནམ་ལས་ ནང་ན་འཛུལ་འབད་ནི་འབདཝ་ད་ སྒྲིག་གཡོག་ནང་ཡོད་མི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནུག་ཟེར་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་ཅན་ཕོ་སྐྱེས་དེ་ལུ་ ཨར་རྐུན་འབད་ནིའི་ དཔའ་བཅམ་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

ཨིན་རུང་ ཞིབ་དཔྱད་འབད་བའི་སྐབས་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ བྱ་ངན་འབད་བའི་ཚེ་ ཁྱིམ་གྱི་ལྡེ་མིག་དེ་ འཛོམས་ཁང་དེ་ནང་ ལུས་ཡོད་པའི་དོགས་པ་ཡོདཔ་ལས་ ཉེ་འདབས་ལུ་ཡོད་མི་ མེ་ཏོག་ལྡུམ་ར་ནང་ལས་ རྡོ་འཐུ་འབག་འོང་ཞིནམ་ལས་ དཀྲུམས་བཏང་ཡོད་པའི་ ཁ་བཟེད་ཡོདཔ་ཨིན་པས།

ཁོ་ར་ འཛོམས་ཁང་གི་ སྲུང་རྒྱབ་ཨིན་རུང་ དབྱེ་དཔྱད་འབད་བའི་སྐབས་ ཁོ་རའི་ ཁྱིམ་གྱི་ལྡེ་མིག་དེ་ འཛོམས་ཁང་ནང་ ལུས་དགོ་པའི་ དོན་དག་མིན་འདུག་ཟེར་ཨིནམ་ད་ ཁོ་དང་གཅིག་ཁར་ སྒྲིག་གཡོག་ནང་སྡོད་མི་ བསྟན་འཛིན་དབང་འདུས་ཀྱིས་ ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ ངག་བརྗོད་བྲིས་མི་དང་འཁྲིལཝ་ད་ ཁོང་གཉིས་ སྒྲིག་གཡོག་ནང་སྡོད་པའི་སྐབས་ ཉེས་ཅན་གྱིས་ ནུབ་མོ་ ཕོཝ་ནཝ་མས་ཟེར་ གསང་སྤྱོད་ནང་སོང་སྟེ་ ལོག་འོངམ་ད་ འཛོམས་ཁང་གི་ ལྡེ་མིག་བཅག་དཀྲུམས་བཏང་ནུག་ཟེར་ སླབ་དེས་ཟེར་ཨིན་པས།

བྱ་ངན་དེའི་སྐོར་ལས་ སྙན་ཞུ་འབད་བའི་ཤུལ་ལུ་ ཁོ་ར་ འཛིན་བཟུང་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ ལྡེ་མིག་དེ་ ཁོ་རའི་བདག་དབང་ནང་ལས་ ཐོབ་ཡོདཔ་ལས་ ཁོ་གིས་སླབ་མི་དེ་ལུ་ བདེན་པ་མེད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

ཁོ་གིས་འབད་མི་བྱ་ངན་དེ་ ཁྲིམས་འགལ་ཐོག་ལས་འབད་བའི་ ལཱ་ཨིནམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དགོངས་དོན་དང་འཁྲིལ་ ཉེས་ཁྲིམས་སྨིན་དགོ་པའི་ ཉེས་འཛུགས་འབད་ནུག།

ཉེས་འཛུགས་ཅན་དེ་ སྨྱོ་ཆང་ལུ་ ལང་ཤོར་ཐལ་མི་ཅིག་ཨིན་པའི་ཁར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཌོག་ཊར་ ཌམ་བར་ཀུ་ནི་རོ་ལ་གིས་ ཉེས་ཅན་ལུ་ ནད་གཞི་ཧི་པ་ཊེ་ཊིསི་ བི་ཡོད་པའི་ཁར་ མཆིན་པའི་ནད་གཞི་ཡོད་མི་ཅིག་ཨིནམ་ད་ སྤྱི་ལོ་༢༠༠༥ ལུ་ སྣུམ་འཁོར་ཐུག་རྐྱེན་ནང་ ཀླདཔ་ལུ་ གནོད་པ་རྐྱབ་ཡོད་པའི་ དོགས་པ་ཡོད་ལུགས་ཚུ་བཀོད་དེ་ ཡང་བསྐྱར་ཞིབ་དཔྱད་རྐྱབ་དགོ་པའི་ རྒྱབ་སྣོན་འབད་ནུག།

དེ་དང་འཁྲིལ་ རྩོད་བཤེར་འབད་བའི་སྐབས་ ཁྲིམས་འདུན་གྱིས་ གནད་དོན་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་འབད་མི་ཉེས་ལས་ ཆོམ་རྐུན་གྱི་ཉེས་འཛུགས་དེ་ བསྒྱུར་ཟློག་འབད་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ ཐོབ་དབང་མེད་པར་ ཆེད་དམིགས་ཐོག་ལས་ འཛོམས་ཁང་གི་ལྡེ་མིག་ བཅག་དཀྲུམས་བཏང་བའི་ཉེས་འཛུགས་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ཨིན་པས།

ཁོ་ར་ བྱ་ངན་འབད་བའི་ཤུལ་ལས་ འཛིན་བཟུང་འབད་དེ་ དོ་དམ་ནང་ ཞག་གྲངས་༢༢ བཞག་ཡོད་པའི་ལྷག་ལུས་ཚུ་ ཁྲིམས་འཐུས་བཏབ་ཆོག་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *