བསམ་གྲུབ་ལྗོངས་མཁར་ལུ་ ཕུཌ་བཱོལ་རྩེད་འགྲན་འབད་བའི་བསྒང་།

སྒོམ་སྐོར་ར་ཨེཕ་སི་སྡེ་ཚན་གྱིས་ གཱོལ་༩ བཙུགས་ཏེ་ ཌེ་ཌི་མར་བོ་འིསི་ ཕམ་བཏང་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ ཕུཌ་བཱོལ་འགྲན་བསྡུར་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་བཞིན་དུ་ ཌེ་ཌི་མར་བོ་འིསི་དང་ སྒོམ་སྐོར་ར་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ སྒོམ་སྐོར་ར་ཨེཕ་སི་སྡེ་ཚན་གྱིས་ གཱོལ་༩ བཙུགས་ཏེ་ ཌེ་ཌི་མར་བོ་འིསི་ ཕམ་བཏང་ཡི།
ཌེ་ཌི་མར་བོ་འིསི་སྡེ་ཚན་གྱིས་ ག་དེམ་ཅིག་ རྩ་འགེངས་ཏེ་ རྩེད་འདྲན་འབད་རུང་ སྡེ་ཚན་གཞན་མི་དེ་ཡང་ སྒྲིང་སྒྲི་སྡོདཔ་ལས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགས།
འགྲན་བསྡུར་དེ་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ གཞལམ་སྒང་ཀོ་རོང་ཨེཕ་སི་དང་ ཀེ་ཨེན་ཨའི་པི་ཨེལ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ཐོག་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ཀོ་རོང་ཨེཕ་སི་གིས་ གཱོལ་༧ བཙུགས་རུང་ ཀེ་ཨེན་ཨའི་པི་ཨེལ་གྱིས་ གཱོལ་༡ ལས་ བཙུགས་མ་ཚུགས།
བསམ་གྲུབ་ལྗོངས་མཁར་རྩེད་རིགས་ཚོགས་པ་གིས་ འགོ་འདྲེན་འཐབ་མི་ འགྲན་བསྡུར་དེ་ནང་ བསམ་གྲུབ་ལྗོངས་མཁར་དང་བཀྲིས་གཡང་རྩེ་ གཞལམ་སྒང་ པདྨ་དགའ་ཚལ་དང་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་གྱི་ ས་གནས་ཁག་ཚུ་ལས་ སྡེ་ཚན་༤ དེ་ཅིག་བརྩིས་ཏེ་ བསྡོམས་སྡེ་ཚན་༢༡ དེ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྩེད་རིགས་ཚོགས་པ་གིས་ ཕུཌ་བཱོལ་འགྲན་བསྡུར་དེ་ ཕུཌ་བཱོལ་གྱི་རྩེད་རིགས་ གོང་འཕེལ་གཏང་ནི་དང་ གཟུགས་ཁམས་འཕྲོད་བསྟེན་སྒྲིང་སྒྲི་བཞག་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ བཅའ་མར་གཏོགས་ནིའི་དོན་ལུ་ སྡེ་ཚན་རེ་གིས་ འཛུལ་འཐུས་དངུལ་ཀྲམ་༡༨,༠༠༠ རེ་ སྤྲོད་ཡོདཔ་ཨིན་པས།
འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་གིས་ རྒྱལ་རྟགས་དང་གཅིག་ཁར་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༠༠,༠༠༠ དང་ ཨང་༢ པ་ཐོན་མི་གིས་ རྒྱལ་རྟགས་དང་སྦྲགས་ དངུལ་ཀྲམ་༢༠༠,༠༠༠ དེ་ལས་ ཨང་༣ པ་ཐོན་མི་གིས་ རྒྱལ་རྟགས་དང་གཅིག་ཁར་ དངུལ་ཀྲམ་༡༠༠,༠༠༠ འཐོབ་ནི་ཨིན་པས།
འགྲན་བསྡུར་དེ་ ད་ལྟོ་ཚུན་ བསམ་གྲུབ་ལྗོངས་མཁར་ལུ་ ཕུཌ་བཱོལ་འགྲན་བསྡུར་འགོ་འདྲེན་འཐབ་མི་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ཨིནམ་བཞིན་དུ་ འགྲན་བསྡུར་དེ་ཡང་ ཨེསི་ཌི་འབྲུག་ཤར་ཕྱོགས་ཀཱོལ་ལས་སྡེ་དང་ ཨེསི་ཌི་འབྲུག་ཤར་ཕྱོགས་ཕི་རོ་སི་ལོ་ལི་ཀཱོན་སྒེར་སྡེ་ཚད་འཛིན་གྱིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འགྲན་བསྡུར་དེ་ སྤྱི་ཟླ་༡༠ པའི་ཚེས་༡༩ ལུ་ མཐའ་བཅད་རྩེད་འགྲན་འབད་དེ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *