ཉམས་རྒུད་པའི་ བཟའ་ཚང་འཐུས་མི་ཚུ་གིས་ ཁྱིམ་འཚིགས་ཤུལ་ཚུ་ལས་ ཅ་དངོས་ཚུ་ འཚོལ་བའི་བསྒང་།

སྒོམ་དར་ལུ་ མེ་རྐྱེན་ནང་ ཁྱིམ་༢ འཚིགས་ཡོདཔ།

༉ ཁ་ཙ་དྲོ་པར་ བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་ བདེན་མཆིས་མཁོ་ཡར་ལུ་ ཐོག་ཚད་༡ དང་ ཐོག་ཚད་༢ འབད་མི་ ཁྱིམ་༢ མེ་གིས་ འཚིགས་ཡོདཔ་ལས་ རྒྱུ་དངོས་ཚུ་ ག་ནི་ཡང་ ཐོབ་མ་ཚུགས་རུང་ མིའི་ཚེ་སྲོག་ལུ་ བར་ཆད་མ་བྱུང་ཨིན་པས།
གནས་ཚུལ་བྱིན་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ལས་ར་ བྱུང་བྱུངམ་བཟུམ་འདུག་ཟེར་ཨིན་རུང་ དྲོ་པའི་ཆུ་ཚོད་༡ དེ་ཅིག་ཁར་ མེ་རླུང་རྒྱ་རྫི་གས་པའི་སྐབས་ གནས་ཚང་དེ་ གཉིད་ཚོར་མི་ལུ་བརྟེན་ མོ་གིས་ རྒེད་འོག་གི་ དམངས་མི་ལུ་ སྙན་ཞུ་འབད་ནུག་ཟེར་ཨིན་པས།
དེ་ལས་ རྒེད་འོག་བདག་སྐྱོང་གིས་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ མེ་བསད་པར་ སོང་ཡོད་རུང་ མེ་ལྡིངས་ཡོད་མི་ལུ་བརྟེན་ བསད་མ་ཚུགསཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ མེ་རྐྱེན་དེ་ ཕྱི་རུ་ཐབ་ཚང་ནང་ ཨ་ལཱན་ཅི་སྐམ་མི་མེ་དེ་ མ་བསད་པར་ བཞག་ཡོད་མི་ལས་ བྱུང་བྱུངམ་བཟུམ་འདུག་ཟེར་ཨིནམ་ད་ འགག་སྡེའི་སྡེ་ཚན་དེ་ ས་ཁོངས་ནང་ལྷོད་པའི་སྐབས་ མེ་གིས་ འཚིགས་ཚར་ཡོདཔ་ལས་ རྒྱུ་ཆས་ཚུ་ ག་ནི་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
གནས་ཚུལ་བྱིན་མི་ཚུ་གིས་ སླབ་མིའི་ནང་ ཚོང་ཁང་ནང་ དངུལ་ཀྲམ་༩༠༠,༠༠༠ དེ་ཅིག་གི་ ཅ་ཆས་དང་ མཆོད་བཤམ་ནང་ དངུལ་ཀྲམ་༢༠༠,༠༠༠ ལྷགཔ་ཅིག་གི་ མཆོད་ཆས་ཚུ་ འཚིགས་ཡོདཔ་སྦེ་ སླབ་དེས་ཟེར་ཨིནམ་ད་ ཁྱིམ་༢ ཆ་ར་ ཉམས་རྒུདཔ་གི་ཨིན་པས།
ཐོག་ཚད་༡ འབད་མི་ཁྱིམ་དེ་ རྩ་བ་ལས་ར་ འཚིགས་ཡོད་རུང་ ཉེན་བཅོལ་འབད་ཡོདཔ་བཞིན་དུ་ ཐོག་ཚད་༢ འབད་མི་ཁྱིམ་དེ་ འཕྲལ་ཁམས་ཅིག་ཁར་ བསྒྲུབས་ཚརཝ་ཅིག་འབད་ནི་དེ་གིས་ ཉེན་བཅོལ་མ་འབད་བར་ཡོདཔ་ད་ གནད་དོན་དེ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *