སྒོམ་ཀྲུ་ལུ་ ཨམ་སྲུ་༢ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ།

༉ བསམ་རྩེ་རྫོང་ཁག་གི་ ས་གནས་ཆ་ཤས་ཅིག་ནང་ འགྲོ་འགྲུལ་བཀག་དམ་ཐེངས་༢ པ་དེ་ ཆ་མེད་བཏང་པའི་ ནམ་དུས་ལུ་ ཁ་ཙ་ ཕུན་ཚོགས་དཔལ་རི་ ༼སྒོམ་ཀྲུ༽ ལུ་ མི་༢ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོདཔ་ལས་ སྒོམ་ཀྲུ་ཁྲོམ་དང་ རྒེད་འོག་ནང་ འགྲོ་འགྲུལ་བཀག་དམ་འབད་ནུག། 

གནས་ཚུལ་འབྱུང་ཁུངས་དང་འཁྲིལཝ་ད་ སྒོམ་ཀྲུ་ལུ་ དུས་རྒྱུན་ལྟ་རྟོག་གི་དོན་ལུ་ ནད་ཡམས་ཡོད་མེད་ཀྱི་ བརྟག་དཔྱད་འབདཝ་ད་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ལས་བྱེདཔ་ སྐྱེས་ལོ་༤༡ དང་༤༧ ལང་མི་ ཨམ་སྲུ་༢ ལུ་ ཀོ་བིཌ་-༡༩ འི་ནད་རྟགས་ཐོན་ཡོདཔ་ད་ ནད་ཡམས་དེ་ མི་སྡེ་ནང་ལས་ ཐོབ་ཐོབ་ཨིན་པས།

དེ་འབདཝ་ལས་ ཕུན་ཚོགས་དཔལ་རི་རྒེད་འོག་ནང་ མི་དང་སྣུམ་འཁོར་ཚུ་ ཕར་ཚུར་རྒྱུན་འགྲུལ་འཐབ་ནི་དེ་ བཀག་འཛིན་དམ་དམ་འབད་ཡོདཔ་བཞིན་དུ་ སློབ་གྲྭ་དང་ ཡིག་ཚང་ གཙུག་སྡེ་ དེ་ལས་ བཟོ་གྲྭ་འཕྲུལ་ཁང་ཚུ་ག་ར་ སྒོ་བསྡམས་ཡོདཔ་སྦེ་ བསམ་རྩེ་རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ གསལ་བསྒྲགས་འབད་ནུག།

དཔལ་ལྡན་རྩི་ས་དབང་འཛིན་གྱི་ཨམ་སྲུ་༢ དོས་ཕབ་མི་ སྡེ་ཚན་གྱི་གྲངས་སུ་ ལཱ་འབད་མི་ཨིནམ་ད་ ཁོང་ལས་མི་ཚུ་གིས་ རྒྱ་གར་གྱི་ སྣུམ་འཁོར་ཚུ་གིས་ སྐྱེལ་འདྲེན་འབད་བའི་ རྒྱུ་ཆས་ཚུ་ སྣུམ་འཁོར་ནང་ལས་ བཏོནམ་ཨིན་པས།

ལས་བྱེད་ཚོགས་ཆུང་གི་ བྱུང་རྐྱེན་བཀོད་དཔོན་ཡང་ཨིན་མི་ བསམ་རྩེ་རྫོང་བདག་ པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ ཀོ་བིཌ་-༡༩ ཐོབ་མི་ ཨམ་སྲུ་༢ བསམ་རྩེ་ལུ་ འབག་འོང་ཡོདཔ་བཞིན་དུ་ ད་ལྟོ་ ཨམ་སྲུ་༢ དང་འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོད་ཟེར་ བཤདཔ་ཨིན་པས།

རྫོང་བདག་གིས་འབད་བ་ཅིན་ རྒེད་འོག་དེ་ནང་ ནད་འབུབ་ཐོབ་མི་ ཐོན་མི་ལུ་བརྟེན་ རྒེད་འོག་ལས་ ཕྱི་ཁར་འགྱོ་ནི་ཚུ་ བཀག་འཛིན་ཧྲིལ་བུ་འབད་དེ་ཡོདཔ་ལས་ འབྲེལ་བ་འཐབ་མི་ཚུ་གི་ བརྟག་ཞིབ་གྲུབ་འབྲས་ཚུ་ ཐོན་ཞིནམ་ལས་རྐྱངམ་གཅིག་ འགྲུལ་སྐྱོད་བཀག་དམ་ ལྷོད་ཡངས་ཀྱི་ ཐག་བཅད་འོང་ཟེར་ཨིན་པས།

རྫོང་བདག་པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ཟླཝ་ནང་ བཀྲིས་ཆོས་གླིང་༼སིབ་སུ༽ ལུ་ ནད་འབུབ་ཐོབ་མི་དང་པ་ ངོས་བཟུང་འབད་བའི་སྐབས་ལུ་ སྒོམ་ཀྲུ་དེ་ཡང་ འགྲུལ་སྐྱོད་བཀག་དམ་ནང་ ཚུད་སོ་རུང་ བཀྲིས་ཆོས་གླིང་དང་ སྒོམ་ཀྲུའི་བར་ན་ འབྲེལ་བ་གངམ་འཐབ་ནི་ མེད་པའི་ཁར་ བསམ་རྩེ་ཁྲོམ་ནང་ ཀོ་བིཌ་-༡༩ ཐོབ་མི་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་མེདཔ་ལས་ སྒོམ་ཀྲུ་དེ་ འགྲོ་འགྲུལ་བཀག་དམ་ མེདཔ་བཟོ་ད་ཡི་ཟེར་ཨིན་པས།

གོ་རིམ་༢ པའི་ལྷོད་ཡངས།

ཁ་ཙ་ལས་ བསམ་རྩེ་ལུ་ འགྲོ་འགྲུལ་བཀག་དམ་ཐེངས་༢ པ་ ལྷོད་ཡངས་གཏང་ནི་ འགོ་བཙུགས་ནུག།

ཨིན་རུང་ ནོར་བུ་སྒང་དང་ ཕུན་ཚོགས་དཔལ་རི་རྒེད་འོག་༢ ནང་ འགྲོ་འགྲུལ་ལྷོད་ཡངས་མེདཔ་ཨིན་པས།

ལས་བྱེད་ཚོགས་ཆུང་དང་འཁྲིལ་བ་ཅིན་ ད་རིས་ལས་ བཀྲིས་ཆོས་གླིང་དང་ བསམ་རྩེ་ཁྲོམ་ མཁའ་འགྲོ་ཐང་ལུ་ཡོད་མི་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེ་ནི་ཨིན་པས།

དེ་འབདཝ་ད་ བསམ་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་དང་ བསམ་རྩེ་འབྲིང་རིམ་སློབ་གྲྭ་འོག་མ་ དེ་ལས་ ནོར་བུ་སྒང་ལུ་ཡོད་མི་ མཁའ་འགྲོ་ཐང་སློབ་གྲྭ་ཆུང་བའི་ སློབ་ཕྲུག་དང་ སློབ་དཔོན་ཚུ་ རང་སོའི་སློབ་གྲྭ་ཚུ་ནང་ འགྱོ་མི་བཅུག་ནི་ཨིན་པས།

དེ་བཟུམ་སྦེ་ ནོར་བུ་སྒང་ལུ་སྡོད་མི་ ཞི་གཡོགཔ་དང་ ལས་འཛིན་ སྒེར་སྡེའི་ལས་གཡོགཔ་ཚུ་ཡང་ འགྲོ་འགྲུལ་བཀག་དམ་ནང་ སྡོད་དགོཔ་ཨིན་པས།

ད་རིས་ལས་ ཚོང་ཁང་ཚུ་ག་ར་ སྒོ་ཕྱེ་ཆོག་ནི་ཨིན་རུང་ ད་ཚུན་གྱི་བར་ན་ ཚོང་ཁང་སྦོམ་ཆུང་དང་འཁྲིལ་ ཚོང་མགྲོན་པ་༢ ལས་༥ ཚུན་མ་གཏོགས་ ཚོང་ཁང་ཚུ་ནང་ བཙུགས་ནི་མེདཔ་ཨིན་པས།

ཚོང་འབྲེལ་འཐབ་ནིའི་ དུས་ཚོད་དེ་ དྲོ་པ་ཆུ་ཚོད་༧ ལས་ ཕྱི་རུའི་ཆུ་ཚོད་༨ ཚུན་ཨིནམ་ད་ ནུབ་མོའི་ཆུ་ཚོད་༡༠ ལས་ མི་ག་ཨིན་རུང་ ཕར་ཚུར་འགྱོ་མི་ཆོག་ནི་ཨིན་པས།

དེ་ལས་ ཕྱི་ནང་གི་ རྩེད་རིགས་དང་ སྤྲོ་སྟོན་ཁང་ ཞབས་ཁྲ་འཐེན་ས་ ལུས་སྦྱོང་ཁང་ལ་སོགས་པ་ ག་ཅི་ར་ཨིན་རུང་ འགོ་འདྲེན་འཐབ་མི་ཆོག་པས།

དེ་བཟུམ་སྦེ་ སྐྱེས་སྟོན་དང་ གཉེན་སྟོན་ གོ་གནས་ཡར་སེང་གི་ རྟེན་འབྲེལ་བརྩི་སྲུང་ གཞུང་འབྲེལ་ཚོགས་སྟོན་དང་ བྱ་སྒོ་ཚུ་ཡང་ འགོ་འདྲེན་འཐབ་མ་ཆོག་པའི་ཁར་ མེ་སྦྱང་དང་ དགེ་རྩ་ཚུ་ནང་ བཟའ་ཚང་ནང་མི་༡༠ ལས་བརྒལ་ གྲལ་གཏོགས་འབད་མི་ཆོག་ནི་ཨིན་པས།

ཕྱི་ཁར་མཛར་ཅུམ་བཟའ་ནི་དང་ ལུས་སྦྱོང་དང་འབྲེལ་ ལམ་འགྱོ་ནི་ ཆུ་རྩལ་རྐྱབ་ནི་ དེ་ལས་ ལྷ་ཁང་དགོན་སྡེ་ཚུ་ནང་ཡང་ འགྱོ་མི་ཆོགཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *