སྒོམ་ཀྲུ་ཁྲོམ་གྱི་ ས་གནས་ས་ཁོངས་འཆར་གཞི་ འཕྲལ་མགྱོགས་ར་བཟོ་ནི།

༉ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་དང་འཁྲིལཝ་ད་ སྒོམ་ཀྲུ་ཡན་ལག་ཁྲོམ་གྱི་ ས་གནས་ས་ཁོངས་འཆར་གཞི་དེ་ འཕྲལ་ མགྱོགས་ར་ བཟོ་ཚར་ནིའི་ འཆར་གཞི་ཡོདཔ་ཨིན་པས།

གནད་དོན་དེ་ཡང་ ཕུན་ཚོགས་དཔལ་རི་- བསམ་རྩེའི་འཐུས་མི་ ག་ནིཤ་ གི་མི་རེ་གིས་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ནང་ ཞབས་ཏོག་བློན་པོ་ལུ་ སྒོམ་ཀྲུ་ཁྲོམ་ནང་སྡོད་མི་ཚུ་ ཁྱིམ་རྐྱབ་ནི་དང་ གཞན་ལཱ་ཚུ་ འབད་མ་ཚུགས་པའི་ དཀའ་ངལ་ཚུ་ཡོད་མི་ལུ་ གཞུང་གིས་ ཐབས་ལམ་ག་ཅི་ར་ བཏོན་ཏེ་ཡོད་ག་ཟེར་ཞུ་ཡི།

དེའི་ལན་ལུ་ ཞབས་ཏོག་བློན་པོ་གིས་ སྒོམ་ཀྲུ་དེ་ ཁྲིམས་མཐུན་གྱི་ ཡན་ལག་ཁྲོམ་མེན་རུང་ དེ་ནང་ སྒེར་སྡེ་དང་ དཔལ་ལྡན་རྩི་ས་ལས་འཛིན་ཚད་ཀྱི་ ས་ཆ་གཅིག་ཁར་ཡོདཔ་ལས་ འཆར་གཞིའི་ལཱ་ཚུ་འབད་ནི་ལུ་ སྟབས་མ་བདེཝ་བྱུང་སྟེ་འདུག་ཟེར་ཞུ་ཡི།

བློན་པོ་གིས་ ཞུ་མིའི་ནང་ ས་ཁོངས་དེ་ནང་ ས་ཆ་ཨེ་ཀར་༢༤༤ དེ་ཅིག་ཡོད་ས་ལས་ ཨེ་ཀར་༡༤༠ དེ་ཅིག་ རྩི་ས་ལས་འཛིན་ གྱི་ཨིནམ་ལས་ འཆར་གཞི་བཟོ་ནི་ལུ་ སྟབས་མ་བདེཝ་ཡོད་མི་དེ་ ས་འཇལ་ལྷན་ཚོགས་དང་གཅིག་ཁར་ གྲོས་བསྟུན་འབད་ ཡོདཔ་ལས་ འཕྲལ་མགྱོགས་ར་ བསལ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ད་རེས་ ས་ཁོངས་དེ་གི་ གནས་སྡུད་ཚུ་ བསྡུ་ལེན་ཚར་ཡོདཔ་ལས་ ས་གནས་ཀྱི་ ས་འཇལ་ཡང་ འབད་ཚར་ཡོད་པའི་ཁར་ ས་ཁམས་རིག་པའི་བརྟག་དཔྱད་ཡང་ འབད་ཚར་ཏེ་ ལས་འཛིན་དང་གཅིག་ཁར་ བློ་སླབ་ཚར་ཡོད་ཟེར་ཨིན་པས།

བློན་པོ་གིས་ ས་གནས་ས་ཁོངས་ཀྱི་ འཆར་གཞི་བཟོ་ནི་ལུ་ དུས་ཚོད་གངམ་ མི་འགོར་ནི་ཨིནམ་ལས་ འཕྲལ་མགྱོགས་ར་ བཅུད་འཐོན་ནིའི་ རེ་བ་བསྐྱེད་དོ་ཟེར་ ཞུ་ཡོད་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *