སྒོང་རྡོག་ཐོན་སྐྱེད་ མར་བབས་སོང་མི་དེ་ གཟནམ་བཀྲམ་སྤེལ་བ་ལུ་ ཁ་བཏང་དོ་ཡོདཔ།

༉ ཐིམ་ཕུག་དང་ ཆུ་ཁ་རྫོང་ཁག་ནང་ བྱ་གསོ་སྐྱོང་འབད་མི་༡༧ ལྷགཔ་ཅིག་གིས་ སྤྱི་ཟླ་༥ པའི་ཚེས་༩ ལས་ ཀརྨ་གཟནམ་བྱིན་པའི་ཤུལ་ལས་ ཐོན་ཁུངས་མར་བབས་སོང་ཡི་ཟེར་ ཁ་ཉེས་བཀལ་དོ་ཡོདཔ་ཨིན་པས།
ཆུ་ཁ་ལས་ བྱ་གསོ་སྐྱོང་འབད་མི་ ཇོ་བདག་གིས་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་དགོཔ་སྦེ་ ཐིམ་ཕུག་ལུ་ སྒོ་ནོར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་ཕྱད་པར་ འོང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེའི་སྐོར་ འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་ལུ་ སྙན་ཞུ་འབད་ཡོད་རུང་ ལན་གསལ་ག་ནི་ཡང་ མ་ཐོབ་ཟེར་ཨིན་པས།
སྒོ་ནོར་འགོ་དཔོན་ཚུ་གིས་ དབང་འཛིན་ལུ་ དཔེ་ཚད་ཚུ་ བཏང་ཡོད་རུང་ ལན་གསལ་མིན་འདུག་ཟེར་ ཁོ་གིས་ བཤད་པའི་ཁར་ བྱ་གསོ་སྐྱོང་ཁང་འགོ་བཙུགས་ནིའི་དོན་ལུ་ གྲོང་གསེབ་གོང་འཕེལ་དངུལ་ཁང་ལས་ དངུལ་ཀྲམ་ས་ཡ་༡.༣ སྐྱིན་འགྲུལ་ལེན་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༩ ཚུན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ཅི་ཟེར་ཨིན་པས།
ཇོ་བདག་གིས་ སླབ་མི་དང་འཁྲིལཝ་ད་ སྒོང་རྡོག་གི་ ཐོན་ཁུངས་དེ་ ཀརྨ་ལས་སྡེའི་ གཟནམ་བྱིན་པའི་ཤུལ་ལས་ བརྒྱ་ཆ་༩༢ ལས་བརྒྱ་ཆ་༡༧ དེ་ཅིག་ མར་བབས་སོང་པའི་ཁར་ ཁོ་ལུ་ སྒོང་རྡོག་བུད་མི་བྱ་༡,༥༠༠ དེ་ཅིག་ཡོདཔ་ལས་ ཀརྨ་གཟནམ་བྱིན་མི་ལུ་ བློ་འགྱོད་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ གཟནམ་ཉོ་ནིའི་དོན་ལུ་ བྱ་ཕྱེད་ཀ་ཅིག་ བཙོང་དགོཔ་ཐོན་ཡི་ཟེར་ བཤད་པའི་ཁར་ ཟླ་རིམ་བཞིན་དུ་ སྐྱིན་ཚབ་དངུལ་ཀྲམ་༢༢,༠༢༥ རེ་ ག་དེ་སྦེ་ བཏབ་ཚུགས་འོང་ག་ཟེར་ ཚ་གྱང་ཡོདཔ་མ་ཚད་ ས་ཆ་གླ་ཁར་ལེན་མི་ལུ་ ལོ་བསྟར་གླ་འཐུས་ དངུལ་ཀྲམ་༧༠,༠༠༠ རེ་ བཏབ་དོ་ཟེར་ བཤདཔ་ཨིན་པས།
ཐིམ་ཕུག་དགེ་བསྙེན་ཁ་ལས་ བྱ་གསོ་སྐྱོང་ཁང་གི་ཇོ་བདག་ གཞན་ཅིག་གིས་ཡང་ གཟནམ་བྱིན་པའི་ཤུལ་ལས་ སྒོང་རྡོག་བུད་མི་༣,༠༠༠ ལས་༧༠༠ ལུ་ མར་བབས་སོང་ཡོདཔ་ལས་ གྱོང་རྒུད་ཕོག་སྟེ་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མོ་གིས་ཡང་ དངུལ་འབྲེལ་ལས་སྡེ་ལས་ དངུལ་ཀྲམ་ས་ཡ་༢.༣ སྐྱིན་འགྲུལ་ལེན་ཡོད་མི་ལས་ ཕྱེད་ཀ་རྐྱངམ་གཅིག་ སྐྱིན་ཚབ་བཏབ་ཚར་ཡོད་རུང་ ལྷག་ལུས་དངུལ་ཀྲམ་ས་ཡ་༡.༣ གྱི་དོན་ལུ་ ཚ་གྱང་ཡོད་ཟེར་ཨིན་པས།
ཇོ་ཁོང་གིས་ ཀརྨ་གཟནམ་བཀྲམ་སྤེལ་ལས་སྡེ་ལུ་ དཀའ་ངལ་དེ་ ཐོནམ་ཅིག་ར་ བརྡ་སླབ་པའི་སྐབས་ གནད་དོན་ལུ་ བལྟ་ནི་གི་ དུས་ཚོད་དགོཔ་སྦེ་ སླབ་དེས་ཟེར་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ཀརྨ་གཟནམ་བཀྲམ་སྤེལ་ལས་སྡེ་གིས་ འགོ་དང་པ་ རྒུད་འཐུས་བརྒྱ་ཆ་༡༥ བྱིན་ནི་ཟེར་ སླབ་ཡོད་རུང་ ད་ལྟོ་ ག་ནི་ཡང་ མ་ཐོབ་པར་ཡོད་ཟེར་ཨིནམ་ད་ སྒོ་ནོར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དཔེ་ཚད་ཚུ་ རྒྱ་གར་ལུ་བཏང་ཡོདཔ་ལས་ བསྒུག་དགོ་པས་ཟེར་ཨིན་པས།
ཆུ་ཁ་རྫོང་ཁག་འོག་གི་ བྱག་ཕྱོགས་ལས་ བྱ་གསོ་སྐྱོང་ཁང་གི་ ཇོ་བདག་གིས་ཡང་ ལས་སྡེ་ལས་ཉོ་མི་ གཟནམ་བྱིན་ཏེ་ ནངས་པར་ལས་ སྒོང་རྡོག་བུད་ནི་ ཆད་སོང་ཡི་ཟེར་ བཤད་པའི་ཁར་ བྱ་གསོ་སྐྱོང་འབད་བའི་ཉམས་མྱོང་ ལོ་༨ དེ་ཅིག་ཡོདཔ་ལས་ སྒོང་རྡོག་མ་བུད་མིའི་ དཀའ་ངལ་དེ་ གཟནམ་བྱིན་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
ཀརྨ་གཟནམ་བཀྲམ་སྤེལ་ལས་སྡེ་གིས་ སྒོ་ནོར་ལས་ཁུངས་ལུ་བཏང་མི་ ཡི་གུ་ནང་ སྤྱི་ཟླ་༥ པའི་ཚེས་༡༠ ལས་༢༡ ཚུན་གྱི་བར་ན་ བཟོ་མི་ གཟནམ་ཚུ་ལུ་ ཟས་བཅུད་དང་ལྡནམ་སྦེ་ བྱིན་ཐབས་ལུ་ རྫས་སྦྱོར་ཕིཤ་མཱིལ་ཟེར་མི་དེ་ བླུགས་ཡོདཔ་སྦེ་བཀོད་ནུག།
ལས་སྡེ་གིས་ རྫས་སྦྱོར་ཕིཤ་མཱིལ་དེ་ གཟནམ་ནང་གསརཔ་བླུགས་བླུགསཔ་མེན་ཟེར་ བཀོད་པའི་ཁར་ གཟནམ་ནང་ཟས་བཅུད་ནམ་དགོཔ་ཅིག་ བླུགས་ཏེ་ར་ཡོད་ཟེར་བཀོད་ནུག།
སོ་ནམ་པ་དང་ སྒོ་ནོར་འགོ་དཔོན་ དེ་ལས་ གཟནམ་བཀྲམ་སྤེལ་ངོ་ཚབ་ཚུ་གིས་ གཟནམ་མ་ཟ་མི་དང་ ཐོན་སྐྱེད་མར་བབས་སོང་མི་ དེ་ལས་ འཛིན་སྐྱོང་ཚུ་ལུ་ བལྟ་ཡོདཔ་ཨིན་པས།
ཡི་གུ་དང་འཁྲིལཝ་ད་ བར་སྦིས་ས་ལུ་ཡོད་མི་ གསོ་སྐྱོང་ཁང་གི་ ཇོ་བདག་ཚུ་གིས་ སླབ་བཞིན་དུ་ རྒྱལ་ཡོངས་སེམས་ཅན་འཕྲོ་བསྟེན་ལྟེ་བ་གིས་ ནད་འབུབ་ཡོད་མི་བྱ་དང་གཟནམ་ཚུ་ བརྟག་དཔྱད་འབད་ཡོདཔ་མ་ཚད་ ལྟེ་བའི་འཛིན་སྐྱོང་གིས་ དེ་འཕྲོ་ལས་ གཟནམ་ཚུ་ལོག་བསྡུ་སྟེ་ གསརཔ་བྱིན་པའི་ཤུལ་ལས་ ཐོན་སྐྱེད་ཚུ་ ཧེ་མ་བཟུམ་སྦེ་ ཐོན་དོ་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
དེ་ལས་ ལས་སྡེ་གིས་ སྤྱི་ཟླ་༥ པའི་ཚེས་༩ ལས་༢༡ གི་བར་ན་ གཟནམ་མེ་ཊཱིག་ཊཱན་༣༤,༥༨༥ བཀྲམ་སྤེལ་འབད་མི་ལུ་ བརྒྱ་ཆ་༡༥ རྒུད་འཐུས་བྱིན་ནི་སྦེ་བཀོད་ནུག།
ཀརྨ་གཟནམ་བཀྲམ་སྤེལ་ལས་སྡེ་གི་ ལས་འགུལ་མདོ་ཆེན་ བཙན་སྐྱོགས་དབང་འདུས་ཀྱིས་ སླབ་མིའི་ནང་ སྙན་ཞུ་ལྷོདཔ་ཅིག་ བརྟག་དཔྱད་འབད་བའི་སྐབས་ དཀའ་ངལ་མེདཔ་སྦེ་ ཐོན་ཡོད་རུང་ གཟནམ་བཀྲམ་སྤེལ་འབད་ཡོད་མི་ཚུ་ ལོག་བསྡུ་སྟེ་ རྒུད་འཐུས་བྱིན་ནི་སྦེ་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།
ང་བཅས་ཀྱིས་ སོ་ནམ་པ་ཚུ་གི་ དཀའ་ངལ་ཚུ་ ཧ་གོཝ་ལས་ ཚན་རིག་བརྟག་དཔྱད་འབད་ཡི་ཟེར་ ལས་འགུལ་མདོ་ཆེན་གྱིས་ བཤད་པའི་ཁར་ ལས་སྡེའི་ངོ་ཚབ་ཚུ་ལུ་ གཟནམ་ཉོ་འབག་མི་ཚུ་ལུ་ རྒུད་འཐུས་སྤྲོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ཨིན་རུང་ སྒོ་ནོར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་བཀྲིས་བསམ་གྲུབ་ཀྱིས་ སླབ་མིའི་ནང་ ཁོང་གིས་ གཟནམ་གི་དཔེ་ཚད་ཚུ་ རྒྱ་གར་ལུ་ བཏང་ཡོདཔ་ལས་ སྙན་ཞུ་ལྷོད་པའི་ཤུལ་ལས་རྐྱངམ་གཅིག་ གནད་དོན་དེའི་སྐོར་ལས་ སླབ་ཤེས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *