སྒེར་སྡེ་ལུ་ ཐད་འཕུར་གནམ་གྲུ་བཙུགས་བཅུག་ནི་གི་ ལཱ་འབད་བའི་བསྒང་ཡོདཔ།

༉ ལྷན་རྒྱས་གཞུང་ཚོགས་ཀྱིས་ སྒེར་གྱི་ཐད་འཕུར་གནམ་གྲུའི་ ཐབས་ཏོག་བཙུགས་ནིའི་དོན་ལུ་ ལམ་སྟོན་ཡིག་ཆ་ གནང་བ་གྲུབ་སྟེ་ ལོག་ལྷག་སོ་རུང་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ལུ་བརྟེན་ གནམ་གྲུ་མཁོ་སྒྲུབ་ཀྱི་ ལཱ་འཕྲོ་མཐུད་འབད་མ་ཚུགས་པར་ ཡོདཔ་ཨིན་པས།

དེ་ཡང་ འདས་པའི་རེས་གཟའ་སྤེན་པ་ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ ཚོགས་དམངས་ལུ་ཞུ་ཡི།

བརྒྱུད་འབྲེལ་བློན་པོ་གིས་འབད་བ་ཅིན་ ལྷན་ཁག་ལུ་ སྒེར་གྱི་ཁ་ཐུག་ལས་ ཕྱིའི་མ་རྩ་གཞི་བཙུགས་ཐོག་ལས་ གནམ་གྲུ་ཉོ་ནིའི་དོན་ལུ་ གྲོས་འཆར་༢ ལྷོད་པའི་ཤུལ་ལུ་ སྤྱི་ལོ་༢༠༡༩ ལས་ར་ ལྷན་རྒྱས་གཞུང་ཚོགས་ནང་ གསུང་གྲོས་གནང་ཡོདཔ་མ་ཚད་ བརྒྱུད་འབྲེལ་ལྷན་ཁག་དང་ འབྲུག་ཞི་བའི་མཁའ་འགྲུལ་དབང་འཛིན་༢ མཉམ་འབྲེལ་ཐོག་ལས་ སྒེར་སྡེའི་འཕུར་འགྲུལ་ཞབས་ཏོག་  འགོ་བཙུགས་ནིའི་ ལམ་སྟོན་ཅིག་ བཟོ་མི་དེ་ཡང་ ན་ཧིང་ སྤྱི་ཟླ་༣ པའི་ཚེས་༢༦ ཆ་འཇོག་གྲུབ་ཅི་ཟེར་ཨིན་པས།

ཨིན་རུང་ ལྷན་ཁག་གིས་ ཡོངས་འབྲེལ་ཐོག་ལས་ གནམ་གྲུ་ཉོ་ནི་གི་ དང་འདོད་ཡོད་མི་ སྒེར་སྡེ་༢ དང་ གྲོས་བསྟུན་འབད་བའི་སྐབས་ འཕུར་འགྲུལ་ཞབས་ཏོག་གི་ ལག་ཁྱེར་ལེན་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།

བརྒྱུད་འབྲེལ་བློན་པོ་གིས་འབད་བ་ཅིན་ ལག་ཁྱེར་གྱི་དོན་ལུ་ ཁྱད་ཚད་ཚང་དགོཔ་ ལེ་ཤ་ཡོདཔ་ལས་ ད་ལྟོ་ ལཱ་འབད་བའི་བསྒང་ཡོད་པའི་ སྙན་ཞུ་ལྷོད་ཅི་ཟེར་ཨིན་པས།

སྒེར་གྱི་ཐད་འཕུར་གནམ་གྲུའི་ གནད་དོན་དེ་ཡང་ མགར་ས་རྫོང་ཁག་ ཁ་སྨད་ལུང་ནང་གི་འཐུས་མི་ ཡེ་ཤེས་སྒྲོལམ་གིས་ དྲི་བ་ཞུ་མི་དང་འཁྲིལ་ གཞུང་གི་ཁ་ཐུག་ལས་ ལས་འཆར་བརྩམས་མིའི་སྐོར་ གསལ་ཞུ་ཕུལ་ཡི།

འཐུས་མི་ཡེ་ཤེས་སྒྲོལ་མ་གིས་འབད་བ་ཅིན་ ད་ལྟོ་ཡོད་མི་ ཐད་འཕུར་གནམ་གྲུ་༢ ཀྱིས་ གློ་བུར་དང་ མེ་རྐྱེན་ལ་སོགས་པའི་ ཞབས་ཏོག་ཞུ་ནི་ལུ་ ཕན་ཁྱད་བྱུང་སྟེ་ཡོད་རུང་ མི་སེར་ཚུ་ལུ་ ཕན་ནུས་ཅན་སྦེ་ ཞབས་ཏོག་ཞུ་མ་ཚུགས་པས་ཟེར་ཨིན་པས།

དེ་ཡང་ ཐད་འཕུར་གནམ་གྲུ་༢ ཀྱི་ ཤུགས་ཚད་ཆུང་བའི་ཁར་ མི་༢ དང་༣ ལས་བརྒལ་ འབག་མི་ཚུགས་པའི་ཁར་ གནམ་བྱཱར་གྱི་སྐབས་ དོས་ཀེ་ཇི་༢༨༠ མ་གཏོགས་ འབག་མི་ཚུགས་པས་ཟེར་ འཐུས་མི་གིས་ ཞུ་ཡི།

གནས་གཤིས་གནས་སྟངས་ ལེགས་ཤོམ་མེད་པའི་སྐབས་ འཕུར་འགྲུལ་མ་ཚུགསཔ་ལས་ དམིགས་བསལ་དུ་ ལུང་ནག་ན་གི་ མི་སེར་ཚུ་ སྤ་རོ་ལུ་ ཁུར་ཆ་ཚུ་བཞག་སྟེ་ བསྒུག་སྡོད་དགོཔ་ད་ གྱོང་རྒུད་ཕོག་ནུག་ཟེར་ཨིན་པས། 

གལ་སྲིད་ གཞུང་གིས་ ཤུགས་ཚད་ཡོད་མི་ ཐད་འཕུར་གནམ་གྲུ་ཅིག་ ཉོ་ཚུགས་པ་ཅིན་ ལྟ་བཤལ་ལོག་སྒོ་ཕྱེ་བའི་སྐབས་ ལྷན་ཐབས་འབྱུང་ནི་དང་ ལ་མཐོ་སར་ སྡོད་མི་ཚུ་ལུ་ དུས་རྒྱུན་དུ་ ཞབས་ཏོག་ཕུལ་ཚུགས་ནི་མས་ཟེར་ འཐུས་མི་གིས་ཞུ་ཡི།

བརྒྱུད་འབྲེལ་བློན་པོ་གིས་འབད་བ་ཅིན་ ཤུགས་ཚད་དང་ལྡན་པའི་ གནམ་གྲུ་སྦོམ་ཅིག་ ཉོ་བ་ཅིན་ དངུལ་ཀྲམ་ས་ཡ་༨༧༠ དེ་ཅིག་ གནས་ནི་མས་ཟེར་ཨིནམ་ད་ ད་ལྟོ་ འཕྲུལ་ཧམ་ཕུད་རྡོག་གཅིག་འབད་མི་ ཐད་འཕུར་གནམ་གྲུ་དེ་གིས་ དོས་ཀེ་ཇི་༡,༥༠༠ དང་ གནམ་གྲུ་གཏང་མི་བརྩིས་ཏེ་ མི་༧ འབག་ཚུགས་དོ་ཡོད་རུང་ མཐོ་ཚད་དང་ གནམ་གཤིས་གནས་སྟངས་ལུ་ རག་ལས་པས་ཟེར་ཞུ་ཡི།

ད་ལྟོ་ཡོད་མི ཐད་འཕུར་གནམ་གྲུ་རེ་ལུ་ གོང་ཚད་དངུལ་ཀྲམ་ས་ཡ་༢༤༠ རེ་སྦེ་ མཁོ་སྒྲུབ་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *