སྒེར་ས་ནང་ ས་མཚམས་བཀལ་དགོཔ་ལས་ སོ་ནམ་པ་ཚུ་ལུ་གདོང་ལེན།

༉ རྩི་རང་སྤ་ཚར་གླིང་ལུ་སྡོད་མི་ དིབ་བྷ་དུར་མོང་གར་གྱིས་ ཁོ་རའི་ས་ཆ་ནང་ཡོད་པའི་ཤིང་ཚུ་ བརྡབ་ནིའི་དོན་ལུ་ ནགས་ཚལ་ཡིག་ཚང་ལུ་ གནང་བའི་ཞུ་ཡིག་བཙུགས་ཏེ་ ཟླཝ་༣ ལང་ཡོདཔ་ཨིན་པས།

ཨིན་རུང་ གཞུང་ལས་ངོས་ལེན་འབད་ཡོད་པའི་ ཙོག་ཕུར་དང་འཁྲིལ་ ས་མཚམས་བཀལ་དགོ་ཟེར་སླབ་སྟེ་ ད་ལྟོའི་བར་ན་ཡང་ ཤིང་བརྡབ་ཆོག་པའི་ གནང་བ་མ་ཐོབ་པས།

གཞུང་ལས་ མི་སེར་གྱི་ཞབས་ཏོག་ལས་རིམ་ རྒྱ་སྐྱེད་འབད་མི་དང་འཁྲིལ་ ས་མཚམས་ཀྱི་ ཙོག་ཕུར་བརྡབ་ནི་མེད་པ་ཅིན་ སྒེར་གྱི་ས་ཆ་ནང་ཡོད་པའི་ ནགས་ཚལ་གྱི་ ཐོན་སྐྱེད་ག་ཅི་འབད་རུང་ བསྡུ་ལེན་འབད་ཆོག་པའི་ གནང་བ་སྤྲོད་ཐབས་མེདཔ་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༣ ལུ་ རྩི་རང་ནགས་ཚལ་སྡེ་ཚན་གྱིས་ ཡིག་ཐོག་ལུ་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ སྤྱི་ཟླ་༣ པའི་ཚེས་༡ ལས་འགོ་བཙུགས་ སྒེར་དབང་ས་ཆ་ནང་ལས་ ནགས་ཚལ་གྱི་ཐོན་སྐྱེད་ ག་ཅི་ར་འབད་རུང་ སེལ་དགོཔ་ཡོད་པ་ཅིན་ ས་མཚམས་ཀྱི་ངོ་རྟགས་ ཙོག་ཕུར་དགོཔ་ཨིན་པས།

ནགས་ཚལ་ཡིག་ཚང་གིས་ གནང་བ་སྤྲོད་ནིའི་དོན་ལུ་ གྲོང་གསེབ་མི་སེར་ཚུ་གིས་ རང་སོའི་ས་ཆའི་ ས་མཚམས་ཁར་ ཙོག་ཕུར་བརྡབ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

ཁྲིམས་ལུགས་གསརཔ་དེ་ནང་ གཞུང་གི་ནགས་ཚལ་དང་ ཐོ་བཀོད་ཅན་གྱི་ སྒེར་དབང་ས་ཆ་ཚུ་ནང་ ས་མཚམས་ཀྱི་ཙོག་ཕུར་ ངེས་པར་དུ་ ལག་ལེན་འཐབ་དགོཔ་ཨིན་པས།

ཧེ་མ་འབད་བ་ཅིན་ ཞབས་ཏོག་ཚུ་ རྫོང་ཁག་ས་ཁྲམ་སྡེ་ཚན་གྱིས་ ས་འཇལ་ས་ཁྲ་དང་འཁྲིལ་ མཁོ་སྤྲོད་འབད་ཡོདཔ་ཨིན་པས།

དིབ་བྷ་དུར་གྱིས་ ཟླཝ་རེ་ནང་ དངུལ་ཀྲམ་༢,༠༠༠ རེ་ལས་བརྒལ་ འོང་འབབ་བཟོ་ནི་མེདཔ་ལས་ ས་མཚམས་ཀྱི་ཙོག་ཕུར་ཚུ་ ཉོ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།

རྒེད་འོག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྒེར་གྱི་ས་ཆ་ནང་ ནགས་ཚལ་དང་འབྲེལ་བའི་ ཐོན་སྐྱེད་ཚུ་ སེལ་ནིའི་དོན་ལུ་ ཞུ་ཡིག་༢༥ ལྷོད་དེ་ཡོད་ཟེར་ཨིན་པས།

ས་མཚམས་ཀྱི་ ངོ་རྟགས་ཙོག་ཕུར་ཚུ་ ཉོ་ནིའི་དོན་ལུ་ ཟད་འགྲོ་སྦོམ་སྦེ་ར་ གནས་དོ་ཡོདཔ་ད་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ འདས་པའི་རྫོང་ཁག་ཚོགས་འདུའི་སྐབས་ གཞུང་གིས་ ཆ་འཇོག་འབད་མི་ ཙོག་ཕུར་ཚུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་༢ ཀྱིས་ རིན་གོང་སྤྲོད་ཚུགས་པ་ཅིན་ཟེར་བའི་ གྲོས་འཆར་ཕུལ་ཡོདཔ་ཨིན་པས།

མནྡལ་སྒང་རྒཔོ་ ཡེ་ཤེས་ཀྱིས་ སླབ་མིའི་ནང་ མ་གཞི་ ས་མཚམས་བཀལ་དགོ་མི་ལུ་བརྟེན་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་རུང་ ཁོང་གིས་ ཉོ་མི་ཚུགས་ནི་མས་ཟེར་ཨིན་པས།

རང་ཐང་གླིང་རྒཔོ་ བཱལ་བྷ་དུར་ཏ་མང་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གཞུང་གི་ནགས་ཚལ་ས་ཁོངས་དང་ སྒེར་གྱི་ས་ཆ་ཚུ་གི་བར་ན་ ས་མཚམས་རྡོ་མཚམས་ཚུ་ གཞུང་གིས་ བཀལ་ནི་ཡོདཔ་བཞིན་དུ་ ད་རིས་འབད་རུང་ གཞུང་གིས་ར་ ཙོག་ཕུར་བརྡབ་གནང་པ་ཅིན་ ཕན་ཐོགས་ཆེ་ནི་མས་ཟེར་ཨིན་པས།

རྫོང་ཁག་ས་ཁྲམ་འགོ་དཔོན་ ཨོ་རྒྱན་ལ་གིས་ སླབ་མིའི་ནང་ གནད་དོན་དེ་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གཉིས་ཀྱིས་ གྲོས་བསྡུར་འབད་ནི་ཨིན་རུང་ ད་ལྟོ་ ས་མཚམས་ཀྱི་ ཙོག་ཕུར་ཚུ་ ཉོ་ནི་གི་ ཆར་གཞི་མེདཔ་ལས་ ག་ནི་ཡང་ སླབ་མི་ཤེས་པས་ཟེར་ཨིན་པས།

རྒེད་འོག་འགོ་དཔོན་ཚུ་གིས་འབད་བ་ཅིན་ ལམ་ལུགས་གསརཔ་དེ་ ལག་ལེན་འཐབ་ནིའི་དུས་ཚོད་ ཕར་འགྱངས་འབད་དགོཔ་འདུག་ཟེར་ཨིན་པས།

སྤ་ཚར་གླིང་རྒཔོ་ ཆ་བི་ཀུ་མར་རའེ་གིས་ སླབ་མིའི་ནང་ ས་ཆ་བསྐྱར་འཇལ་འབད་མི་ མི་སྟོབས་མེད་པའི་ དཀའ་ངལ་ཡང་ཡོདཔ་ལས་ མི་སེར་ཚུ་ལུ་ ས་མཚམས་ཁར་ ཙོག་ཕུར་བརྡབ་དགོཔ་སྦེ་ སླབ་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་ཨིན་པས།

ད་རེས་ ས་ཁྲམ་འགོ་དཔོན་གྱིས་ བར་གཤོང་དང་ མནྡལ་སྒང་ དེ་ལས་ སྤ་ཚར་གླིང་རྒེད་འོག་༣ བལྟ་དགོཔ་ལས་ ས་ཆ་བསྐྱར་འཇལ་ཐོག་ལས་ མཚམས་བཀལ་ནིའི་དོན་ལུ་ དུས་ཡུན་རིངམོ་སྦེ་ར་ འགོར་ནི་མས་ཟེར་ཨིན་པས།

དེ་འབདཝ་ལས་ ས་མཚམས་ཀྱི་ ཙོག་ཕུར་བརྡབ་ནིའི་དོན་ལུ་ དུས་ཚོད་ཅིག་ བྱིན་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ སྤ་ཚར་གླིང་རྒཔོ་གིས་ བཤདཔ་ཨིན་པས།

བར་གཤོང་རྒཔོ་ སཱན་ཏ་ལཱལ་པའུ་ཌེལ་གྱིས་འབད་བ་ཅིན་ ད་རེས་ གུང་སྟོང་སྦེ་ བཞག་ཡོད་མི་ཚུ་གིས་ ལོ་བསྟར་བཞིན་དུ་ ཁོང་རའི་ས་ཆ་ཚུ་ སེལ་བར་འོང་དོ་ཡོདཔ་ད་ ད་ལས་ཕར་ དེ་བཟུམ་མའི་ གནང་བ་ལུ་ སྒུག་སྡོད་དགོ་པ་ཅིན་ ཁོང་ལུ་ཡང་ བར་ཆད་འབྱུང་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལོ་ངོ་དག་པ་ཅིག་གི་ཧེ་མར་ ས་མཚམས་ཀྱི་ ཙོག་ཕུར་རེ་ལུ་ དངུལ་ཀྲམ་༨༠༠ རེ་ སྤྲོད་དགོཔ་ལས་ མི་སེར་ཚུ་གི་དོན་ལུ་ ཟས་འགྲོ་ལྕི་དྲགས་པས་ཟེར་ཨིན་མས།

རྫོང་ཁག་ཚོགས་འདུ་གིས་ གནད་དོན་དེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ ཕུལ་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *