སྒེར་དངུལ་བསྐྱི་ལེན་གྱི་ བཅའ་ཡིག་དང་སྒྲིག་གཞི་ སྤྱི་ཟླ་༡༡ པའི་ཚེས་༡ ལས་ བསྟར་སྤྱོད་འབད་ནི།

༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ གསལ་བསྒྲགས་དང་འཁྲིལཝ་ད་ སྒེར་དངུལ་བསྐྱི་ལེན་གྱི་ བཅའ་ཡིག་དང་སྒྲིག་གཞི་༢༠༢༡ ཅན་མ་དེ་ སྤྱི་ཟླ་༡༡ པའི་ཚེས་༡ ལས་ བསྟར་སྤྱོད་འབད་ནི་ཨིན་པས།

གསལ་བསྒྲགས་ནང་ བཀོད་ཚོགས་ཞལ་འཛོམས་ཐེངས་༡༨༠ པའི་སྐབས་ སྒེར་དངུལ་བསྐྱི་ལེན་གྱི་ བཅའ་ཡིག་དང་སྒྲིག་གཞི་༢༠༢༡ ཅན་མ་དེ་ བསྟར་སྤྱོད་འབད་ནིའི་དོན་ལུ་ ཆ་འཇོག་འབད་ཡི་ཟེར་ བཀོད་དེ་འདུག།

དེ་དང་གཅིག་ཁར་ དབང་འཛིན་གྱིས་ སྤ་རོ་ལས་ཨིན་མི་ ད་ལྟོ་ ཕུན་ཚོགས་གླིང་ལུ་སྡོད་མི་ ཨོ་རྒྱན་སྒྲོལ་མ་ལུ་ སྒེར་དངུལ་བསྐྱི་ལེན་གྱི་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཐོ་བཀོད་འབད་བའི་ ཆོག་ཐམ་ཡང་ སྤྲོད་ཡོདཔ་ཨིན་པས།

བཅའ་ཡིག་དང་སྒྲིག་གཞི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༦ ལུ་ བཟོ་བའི་ཤུལ་ལས་ སྤྱི་ལོ་༢༠༡༧ ལུ་ བསྟར་སྤྱོད་འགོ་བཙུགས་ཡོད་རུང་ སྤྱི་ལོ་༢༠༡༨ ལུ་ ཐིམ་ཕུག་ལུ་ ལག་བཟོའི་ཚོང་ཁང་བཙུགས་མི་ སྐྱེས་ལོ་༣༨ ལང་མི་ ཚེ་རིང་དཔལ་འབྱོར་གྱིས་ ཐོ་བཀོད་དང་པ་ འབད་ཡོདཔ་ཨིན་པས།

དེ་གིས་ རྒྱལ་ཁབ་ནང་འཁོད་ལུ་ སྒེར་མི་ཚུ་ལས་ ཏི་རུ་བསྐྱི་ནི་དང་འབྲེལ་བའི་ རྩོད་རྙོགས་ཚུ་ཐོན་མི་དེ་ མར་ཕབ་འབད་ ཚུགས་ནི་ཨིནམ་ད་ ཧེ་མར་ སྒེར་མི་ཚུ་ལས་ དངུལ་བསྐྱི་མི་ཚུ་ལུ་ ཁྲིམས་མཐུན་དབང་ཆ་མེདཔ་ལས་ བསྐྱི་བཅུག་མི་ཚུ་གིས་ ངོ་བོ་དང་ སྐྱེད་གཅིག་ཁར་སྦེ་ སྐྱེད་ལེན་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་ ལེ་ཤ་ཐོན་ཡོདཔ་ཨིན་པས།

ཨིན་རུང་ བཅའ་ཡིག་དང་སྒྲིག་གཞི་དང་འཁྲིལཝ་ད་ དངུལ་བསྐྱི་མི་གིས་ ཐོ་བཀོད་ཅན་གྱི་ ཏི་རུ་བསྐྱི་བྱིན་མི་ལས་ ཏི་རུ་བསྐྱི་ ནིའི་དོན་ལུ་ ཁྲིམས་འདུན་ལས་ འདས་པའི་ལོ་༢ ཀྱི་རིང་ལུ་ ཏི་རུ་བསྐྱི་ནི་དང་འབྲེལ་བའི་ རྩོད་གཞི་མེད་པའི་ ཉོགས་མེད་ ཡི་གུ་ལེན་དགོཔ་ཨིན་པས།

ཨིན་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ལོ་༢༠༢༠ ལུ་ བཅའ་ཡིག་དང་སྒྲིག་གཞི་དེ་ནང་ དོན་ཚན་གསརཔ་ ༡༧ བཙུགས་ཏེ་ འཕྲི་སྣོན་དོན་ལུ་ གྲོས་འདེབས་བཙུགས་ཡོདཔ་ཨིན་པས།

འཕྲི་སྣོན་དོན་ཚན་ནང་ ཁྲིམས་འདུན་གྱིས་ རྩོད་བཤེར་དོན་ལུ་བཙུགསཔ་ད་ ཐོ་བཀོད་ཡོད་མི་དང་ མེད་མི་གཉིས་ཆ་ར་ལུ་ སྒྲུབ་བྱེད་ཚུ་ཡོད་པ་ཅིན་ རྩོད་བཤེར་དོན་ལུ་ ལེན་དགོ་པའི་སྐོར་ལས་ བཙུགས་ཡོདཔ་ཨིན་པས།

འགོ་ཐོག་ལུ་ བཅའ་ཡིག་དང་སྒྲིག་གཞི་དང་འཁྲིལཝ་ད་ ཐོ་བཀོད་མེད་མི་ཚུ་གིས་ ལོག་དངུལ་ལེན་ནིའི་དོན་ལུ་ ཁྲིམས་འདུན་ ལུ་ རྩོད་བཤེར་དོན་ལུ་ བཤེར་ཡིག་བཙུགས་མ་ཆོགཔ་སྦེ་ ཡོདཔ་ཨིན་པས།

དེ་བཟུམ་མའི་ གནས་སྟངས་ནང་ ཁྲིམས་འདུན་ལུ་བཙུགས་ཏེ་ རྩོད་བཤེར་འབད་ནི་མེདཔ་ལས་ དངུལ་བསྐྱི་ཚོང་འབྲེལ་ འཐབ་མི་ཚུ་གིས་ གོ་སྐབས་ལེན་མི་ཚུ་ སྟབས་མ་བདེ་བའི་གནས་སྟངས་ནང་ བཙུགས་ཡོདཔ་ཨིན་པས།

བཅའ་ཡིག་དང་སྒྲིག་གཞི་དང་འཁྲིལཝ་ད་ དངུལ་བསྐྱི་བར་བྱིན་མི་གིས་ ལོ་བསྟར་གྱི་སྐྱེད་ བརྒྱ་ཆ་༡༥ ལས་ ལྷག་མ་ཆོག་པའི་ཁར་ ལེན་མི་གིས་འབད་རུང་ དེ་བ་ལྷག་པའི་སྐྱེད་ལུ་ ངོས་ལེན་འབད་མི་ཆོག་ནི་ཨིན་པས།

གནད་དོན་དེ་ ཁྲིམས་འདུན་ལུ་ལྷོདཔ་ད་ བསྐྱི་བར་བྱིན་མི་གིས་ བརྒྱ་ཆ་༡༥ ལས་ལྷག་ནི་དང་ ཡང་ཅིན་ ངོ་བོ་གུ་ སྐྱེད་བསྡབས་ཡོད་པ་ཅིན་ སྐྱེད་སྣང་མེད་བཞག་སྟེ་ ངོ་བོ་གུ་ལས་ བརྒྱ་ཆ་༢༥ གཞུང་བཞེས་འབད་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།

སྐྱིན་འགྲུལ་བསྡུ་ལེན་གྱི་ བཤེར་ཡིག་དེ་ སྐྱིན་འགྲུལ་གྱི་ གན་འཛིན་བར་རྐྱེན་རྐྱབ་པའི་ ཟླ་ཚེས་ལས་བརྩིས་ཏེ་ ལོ་༣ གྱི་ནང་ འཁོད་ ཁྲིམས་འདུན་ལུ་ བཙུགས་དགོཔ་ཨིན་པས།

དེ་བཟུམ་སྦེ་ ཐོ་བཀོད་འབད་མི་ སྒེར་དངུལ་བསྐྱི་བར་བྱིན་མི་ཅིག་གིས་ སྒེར་དངུལ་བསྐྱི་བར་ལེན་མི་ཅིག་དང་ ཁ་འཐབ་སྟེ་ གན་འཛིན་རྫུས་མ་བཟོ་ཡོདཔ་སྦེ་ ཁྲིམས་འདུན་གྱིས་ བདའ་ཟུན་པ་ཅིན་ མ་རྩ་གི་ དངུལ་བསྡོམས་ལས་ བརྒྱ་ཆ་༢༥ གཞུང་ བཞེས་འབད་ནི་ཨིནམ་ད་ དེ་མིན་ གཞན་རྒྱལ་ཁབ་ཀྱི་ འབྲེལ་ཡོད་ཁྲིམས་ཚུ་དང་འཁྲིལ་ ངོས་ལེན་འབད་ནི་ཨིན་པས།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ བཅའ་ཡིག་དང་སྒྲིག་གཞི་ བཟོ་ཡོད་མི་དེ་གིས་ མི་ཚུ་ གིས་ ཚུལ་མིན་ཐོག་ལས་ དངུལ་བསྐྱི་ལེན་ཚུ་ འབད་མི་ཚུགས་ཟེར་ཨིནམ་ད་ དབང་འཛིན་གྱིས་ སྒེར་གྱི་ཐོག་ལས་ དངུལ་བསྐྱི་བཅུག་མི་ཚུ་ལུ་ ལྟ་རྟོག་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *