སྒེར་གྱི་སློབ་གྲྭའི་ལམ་སྟོན་ བསྐྱར་ཞིབ་དང་འབྲེལ་ སློབ་གྲྭ་གསར་བཙུགས་མཚམས་འཇོག།

༉ ཤེས་རིག་ལྷན་ཁག་གིས་ ད་རེས་ནངས་པར་ སྒེར་གྱི་སློབ་གྲྭའི་ལམ་སྟོན་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ལས་ སྒེར་གྱི་སློབ་གྲྭ་ གསར་བཙུགས་ཀྱི་ ཞུ་ཡིག་ཚུ་ལུ་ ངོས་ལེན་འབད་ནི་ལས་ གནས་སྐབས་ཅིག་ མཚམས་འཇོག་འབད་ནུག།
ཨིན་རུང་ གནད་དོན་དེ་གི་སྐོར་ལས་ ལྷན་ཁག་གིས་ མི་མང་ལུ་ ཁྱབ་བསྒྲགས་ག་ནི་ཡང་ མ་འབད་བས།
ཞུ་ཡིག་ཚུ་ གནས་སྐབས་ཅིག་ མཚམས་འཇོག་འབད་མི་དེ་ཡང་ སློབ་དཔོན་ལངམ་མེད་པའི་ དཀའ་ངལ་སྐོར་ལས་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གྲོས་ཐད་བཅད་མི་དང་འཁྲིལ་ཨིན་པས།
ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ བཤད་མིའི་ནང་ ད་ལྟོ་ ལྷན་ཁག་གིས་ སྒེར་གྱི་སློབ་གྲྭའི་ལམ་སྟོན་ སྤྱི་ལོ་༢༠༡༢ ཅན་མ་དེ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ལས་ འདི་འབད་ཚར་བའི་ཤུལ་ལས་མ་གཏོགས་ སྒེར་གྱི་སློབ་གྲྭ་ གསར་བཙུགས་འབད་ནི་གི་ ཞུ་ཚིག་ཚུ་ ངོས་ལེན་མི་འབད་ཟེར་ཨིན་པས།
ལྷན་ཁག་གིས་ སྒེར་གྱི་སློབ་གྲྭ་ གསར་བཙུགས་ཀྱི་ ཞུ་ཡིག་ཚུ་ཡང་ སྤྱི་ཟླ་༧ པ་ལས་ མཚམས་འཇོག་འབད་ནུག།
ཤེས་རིག་ལས་ཁུངས་ཀྱི་ སྒེར་གྱི་སློབ་གྲྭའི་ ལས་རིམ་གཙོ་འཛིན་འགོ་དཔོན་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ གནས་སྐབས་ཅིག་ བཀག་ཆ་འབད་བའི་ཤུལ་ལས་ སྒེར་གྱི་སློབ་གྲྭ་ གཞི་བཙུགས་འབད་ནིའི་དོན་ལུ་ ཞུ་ཚིག་གསརཔ་༢ ལྷོད་མི་ཚུ་ཡང་ ད་ལྟོ་ ངོས་ལེན་མ་འབད་བར་ བཞག་ཡོད་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་འབད་བ་ཅིན་ ད་རེས་ ལྷན་ཁག་གིས་ ཞུ་ཡིག་ཚུ་ མཚམས་འཇོག་འབད་དེ་ བཞགཔ་མ་གཏོགས་ ཆ་མེད་མ་འབད་ཟེར་ཨིན་པས།
ལྷན་ཁག་ལུ་ ཧེ་མ་ལས་ལྷོད་མི་ ཞུ་ཡིག་ཚུ་ ངོས་ལེན་འབད་ཐོག་ལས་ གནང་བ་བྱིན་ཡོདཔ་བཞིན་དུ་ སྤྱིར་བཏང་རྩ་གཞུང་དང་ བརྟག་ཞིབ་ཚུ་ བསྐྱར་གསོ་འབད་དོ་ཟེར་ ལས་རིམ་གཙོ་འཛིན་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ སྒེར་གྱི་སློབ་གྲྭ་༣༧ ཡོད་མིའི་གྲས་ལས་ མཐོ་རིམ་སློབ་གྲྭ་༢ དང་ འབྲིང་རིམ་སློབ་གྲྭ་གོང་མ་༡༩ འབྲིང་རིམ་སློབ་གྲྭ་བར་མ་༢ འབྲིང་རིམ་སློབ་གྲྭ་འོག་མ་༡ དེ་ལས་ སློབ་གྲྭ་ཆུང་བ་༡༤ ཡོདཔ་ཨིན་པས།
ཀུན་གསལ་གྱིས་ གནས་ཚུལ་གོ་མི་དང་འཁྲིལཝ་ད་ ཤེས་རིག་ལྷན་ཁག་གིས་ སྒེར་གྱི་སློབ་གྲྭ་ གསར་བཙུགས་འབད་ནི་ཚུ་མཚམས་འཇོག་འབད་མི་དེ་ཡང་ གཞུང་གི་སློབ་གྲྭ་ཁག་ཚུ་ནང་ སློབ་དཔོན་མ་ལང་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ཨིན་པའི་ ཤེས་རྟོགས་བྱུང་ཡི།
ཨིན་རུང་ ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ སློབ་དཔོན་མ་ལང་མི་ལུ་བརྟེན་ སྒེར་གྱི་སློབ་གྲྭ་ གསར་བཙུགས་འབད་ནི་ལས་ བཀག་ཆ་འབད་འབདཝ་མེན་པར་ ལམ་སྟོན་དེ་ བསྐྱར་གསོ་འབད་དགོཔ་ ཐོན་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ སློབ་དཔོན་མ་ལང་མི་དང་ སྒེར་གྱི་སློབ་གྲྭ་ གཞི་བཙུགས་ཀྱི་ གནད་དོན་༢ འབྲེལ་བ་ག་ནི་ཡང་མེད་ཟེར་ཨིནམ་ད་ ད་རེས་ མཚམས་འཇོག་འབད་མི་དེ་ གཏན་འཇགས་མེན་པར་ གནས་སྐབས་ཅིག་གི་དོན་ལུ་ཨིན་ཟེར་ ཤེས་རིག་དྲུང་ཆེན་གྱིས་ བཤདཔ་ཨིན་པས།
ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལམ་སྟོན་དེ་ འགོ་ལས་མཇུག་ཚུན་ཚོད་ བསྐྱར་ཞིབ་འབད་བའི་བསྒང་ཡོད་མི་དེ་ཡང་ ད་རེས་ནངས་པར་ ཤེས་རིགས་ཀྱི་ ལམ་ལུགས་ནང་ ལེགས་བསྒྱུར་ལེ་ཤ་འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
སྒེར་གྱི་སློབ་གྲྭ་ཚུ་གིས་ རྩ་གཞུང་དང་ བརྟག་ཞིབ་ཚུ་ཡང་ རྒྱལ་གཞུང་ཤེས་རིག་ཚོགས་སྡེ་གིས་ ངོས་ལེན་འབད་ཡོད་པའི་ རྩ་གཞུང་དང་འཁྲིལ་ཏེ་ འབད་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *