སྒེར་གྱི་སློབ་གྲྭ་ཚུ་གིས་ སློབ་རིམ་༡༡ པའི་སློབ་ཕྲུག་༡,༢༠༠ ཐེབས་ཐོབ་ཡོདཔ།

༉ རྒྱལ་ཁབ་ནང་འཁོད་ཀྱི་ སྒེར་གྱི་སློབ་གྲྭ་ཚུ་གིས་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ སློབ་ཕྲུག་ཐེབས་༡,༢༠༠ དེ་ཅིག་ ཐོབ་ཡོདཔ་ད་ དེ་ཡང་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལས་ཨིན་པས།

མ་གཞི་ ཤེས་རིག་ལྷན་ཁག་གིས་ དུས་ཅི་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ སློབ་ཕྲུག་༡,༨༠༠ ལས་བརྒལ་ མི་བྱིན་ནི་སྦེ་ གསལ་བསྒྲགས་འབད་ཡོད་རུང་ གཞུང་གི་སློབ་གྲྭ་ཚུ་ནང་ ས་སྟོང་མེད་མི་ལུ་བརྟེན་ སློབ་ཕྲུག་ཐེབས་བྱིན་ཡོདཔ་ཨིན་པས།

དུས་ཅི་ སློབ་ཕྲུག་ཚུ་གིས་ སློབ་རིམ་༡༠ པའི་ རྩིས་ཀྱི་ཆོས་ཚན་ནང་ ཆོས་རྒྱུགས་ལེགས་ཤོམ་ རྐྱབ་སྟེ་མེད་པའི་ཁར་ ཚན་རིག་དང་ ཚོང་རིག་ནང་ འཛུལ་ཞུགས་འབདཝ་ད་ རྩིས་ཀྱི་སྐུགས་ཚད་ལེགས་ཤོམ་དགོཔ་ལས་ སློབ་ཕྲུག་མང་ཤོས་ཅིག་གིས་ ནང་རིག་ཆོས་ཚན་ལེན་ནི་གི་ གདམ་ཁ་རྐྱབ་པའི་སྐབས་ གཞུང་གི་སློབ་གྲྭ་ཚུ་ནང་ ས་སྟོང་ཚད་གཅིག་ལས་བརྒལ་མེདཔ་ཨིན་པས།

ཤེས་རིག་ལྷན་ཁག་གིས་ ཧེ་མ་ གཞུང་གི་སློབ་གཉེར་གྲོགས་རམ་ཐོག་ལས་ སློབ་རིམ་༡༡ པའི་ སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ ཚད་གཅིག་ལས་བརྒལ་ མི་གཏང་ཟེར་ སླབ་མི་དེ་ཡང་ གཞུང་གི་སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ཐེབས་གཞི་བཙུགས་འབད་ནི་དེ་གིས་ཨིན་པས།

དེ་བཟུམ་སྦེ་ དུས་ཅིའི་སློབ་དུས་ལས་ གཞུང་གི་ སློབ་གཉེར་གྲོགས་རམ་ཐོག་ལུ་ སྒེར་གྱི་སློབ་གྲྭ་ནང་ སློབ་ཕྲུག་༡,༨༠༠ འཛུལ་ཞུགས་འབད་ནི་ཨིན་མི་དེ་ མཇུག་ཨིནམ་སྦེ་ ཤེས་རིག་ལྷན་ཁག་གིས་ གསལ་བསྒྲགས་འབད་ཡི།

ན་ཧིང་ འབྲིང་རིམ་སློབ་གྲྭ་གོང་མ་༡༣༠ ལས་ སློབ་ཕྲུག་༡༢,༣༧༤ གིས་ སློབ་རིམ་༡༠ པ་མཐར་འཁྱོལ་ནུག།

འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ ཤེས་རིག་ལྷན་ཁག་གི་ འཆར་གཞི་༡༢ པའི་ བར་མཚམས་བསྐྱར་ཞིབ་སྐབས་ ཤེས་རིག་བློན་པོ་ ཇའི་བིར་རའེ་གིས་ ཞུ་མིའི་ནང་ མ་གཞི་ དུས་ཅི་ སློབ་རིམ་༡༠ པ་ལས་ མཐར་འཁྱོལ་མི་ སློབ་ཕྲུག་ག་ར་ གཞུང་གི་སློབ་གྲྭ་ཚུ་ནང་ ལེན་ནི་སྦེ་ ལས་འཆར་བརྩམས་ཅི་ཟེར་ཨིན་པས། 

ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སློབ་གྲྭ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ རྐྱབ་མ་ཚུགས་རུང་ སང་ཕོད་ལས་ སློབ་ཕྲུག་ག་ར་ གཞུང་གི་སློབ་གྲྭ་ཚུ་ནང་ གཏང་ནི་ཨིན་ཟེར་ ཤེས་རིག་བློན་པོ་གིས་ གསལ་ཞུ་ཕུལ་ཡི།

ཨིན་རུང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ སང་ཕོད་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ སློབ་ཕྲུག་ཚུ་ སྒེར་གྱི་སློབ་གྲྭ་ཚུ་ནང་ བགོ་བཀྲམ་མི་འབད་ནིའི་ཐད་ལུ་ ད་ལྟོ་ གྲོས་ཐག་མ་བཅད་པར་ཡོད་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ སློབ་གྲྭ་ལ་ལོ་ཅིག་གིས་ སློབ་ཕྲུག་ལེ་ཤ་ཐོབ་ཡོད་པའི་ཁར་ ལ་ལོ་གིས་ སློབ་ཕྲུག་ཉུང་སུ་གཅིག་ལས་བརྒལ་ མ་ཐོབ་པས་ཟེར་ཨིན་པས།

སྒེར་གྱི་སློབ་གྲྭ་ཚུ་ནང་ དུས་ཅི་ སློབ་ཕྲུག་བྱིན་མི་དེ་ མཇུག་ཨིནམ་སྦེ་ ཐག་མ་བཅད་པར་ཡོདཔ་ལས་ ཤུལ་ལས་ ཁ་སླབ་ནི་སྦེ་ བཞག་དགོཔ་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།

གཞུང་གིས་ སྤྱི་ལོ་༢༠༡༩ ལས་ སློབ་རིམ་༡༠ པའི་ མཐར་འཁྱོལ་སྐུགས་ཚད་མེདཔ་བཟོ་སྟེ་ གཞུང་གི་སློབ་གྲྭ་ཚུ་ནང་ མ་ཤོང་མི་ སློབ་ཕྲུག་རྐྱངམ་གཅིག་ སློབ་གཉེར་གྲོགས་རམ་གྱི་འཐུས་ ནང་སྡོད་སློབ་ཕྲུག་ཚུ་ལུ་ དངུལ་ཀྲམ་༧༠,༠༠༠ རེ་དང་ ཕྱི་སྡོད་སློབ་ཕྲུག་ཚུ་གི་འཐུས་ དངུལ་ཀྲམ་༤༠,༠༠༠ རེ་ བྱིན་ཐོག་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ བགོ་བཀྲམ་འབད་ནུག།

སྤྱི་ལོ་༢༠༡༩ ལུ་ སློབ་རིམ་༡༠ པའི་ཆོས་རྒྱུགས་ལས་ མཐར་འཁྱོལ་ཡོད་མི་ སློབ་ཕྲུག་༧,༨༠༨ གཞུང་གི་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་བའི་ཁར་ གོ་སྐབས་མ་ཐོབ་མི་ སློབ་ཕྲུག་༤,༠༠༣ ལུ་ སྒེར་གྱི་སློབ་གྲྭ་༢༡ ནང་ འཛུལ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *