སྒེར་གྱི་སོ་བཅོས་སྨན་ཁང་གི་ འོས་འབབ་བལྟ་དགོ།

༉ ལོ་ངོ་༤ དེ་ཅིག་གི་ཧེ་མར་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ སྤྱི་ཚོགས་ནང་ གསུང་གྲོས་གནངམ་ད་ མི་མང་ལུ་ རིན་མེད་སྟོང་པའི་ སྨན་བཅོསམ་ཞབས་ཏོག་ལུ་ ཐོ་ཕོག་ནི་ཨིན་པའི་སྐོར་ རྩོད་འགྲན་སྦོམ་སྦེ་ར་བྱུང་ཡི།

དེ་བསྒང་ ཚ་གྱང་ཆེ་ཤོས་ར་ མི་སེར་ཉམ་ཆུང་ཚུ་གིས་ སྤུས་ཚད་ལྡན་པའི་ གསོ་བའི་ ཞབས་ཏོག་མི་འཐོབ་ནི་དང་ རྒྱལ་ཡོངས་གཙོང་བསྟེན་སྨན་ཁང་གི་ དྲུང་་འཚོ་དང་ གསོ་བའི་ལས་བྱེདཔ་ཚུ་མ་གཏོགས་ རྒྱལ་ཁབ་ནང་འཁོད་ཀྱི་ སྨན་ཁང་ནང་ ལཱ་འབད་མི་ཚུ་གིས་ ཁེ་འཐུས་དང་ མཐུན་རྐྱེན་ཚུ་གི་ ཁྱད་པར་ཞུགས་ནི་ཨིནམ་ལས་ ལས་འཛིན་ལུ་ བསྒྱུར་བཅོས་འབད་ནི་མི་འོང་ཟེར་ ཉོགས་བཤད་བཀོད་མི་ཐོན་ཡི།

དེ་འབདཝ་ལས་ གཞུང་གིས་ འཆར་གཞི་བརྩམས་མི་དེ་ མཐར་འཁྱོལ་བྱུང་མ་ཚུགས།

ད་རེས་འབད་བའི་བསྒང་ལས་ རྒྱལ་ཁབ་ནང་ སོ་དང་འབྲེལ་བའི་ སྒེར་གྱི་སོ་བཅོས་སྨན་ཁང་ གཞི་བཙུགས་འབད་ནིའི་ གྲོས་འཆར་བཙུགས་མི་ ཐོན་ཡོདཔ་བཞིན་དུ་ དུས་ཀྱི་འཕོ་འགྱུར་དང་ མི་འབོར་ཡར་སེང་འགྱོ་བའི་ ནམ་དུས་ལུ་ མི་མང་ལུ་ གདམ་ཁ་ཡོདཔ་ བཟོ་ནི་དེ་ཡང་ གལ་ཆེཝ་སྦེ་མཐོངམ་མས།

ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་ནང་ སྒེར་གྱི་སྨན་ཁང་ནང་ སྒོ་ཕྱེ་མ་ཆོགཔ་ལས་ འབྲུག་གི་སོའི་དྲུང་འཚོ་སྡེ་ཚན་ཅིག་གིས་ རྒྱ་གར་གྱི་ ས་མཚམས་ཁྲོས་སྡེ་ ཇའི་སྒང་ལུ་ སོ་བཅོས་ཁང་ གཞི་བཙུགས་འབད་མི་དེ་ནང་ ཞབས་ཏོག་སྤྱོད་མི་ བརྒྱ་ཆ་༩༠ འབྲུགཔ་ཨིནམ་ལས་ རྒྱལ་ཁབ་ནང་ འདི་བཟུམ་མའི་ སོ་བཅོས་ཁང་དགོ་མཁོ་ཡོད་པའི་ བརྡ་མཚོན་སྟོནམ་མས།

ཁོང་གིས་ ཇའི་སྒང་ལུ་ སྒེར་གྱི་སོ་བཅོས་ཁང་གཞི་བཙུགས་འབད་དགོ་མི་དེ་ཡང་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ སོའི་དྲུང་འཚོའི་ མཐོ་རིམ་ཤེས་ཡོན་སྦྱང་མི་དང་ སློབ་སྦྱོང་མཇུག་བསྡུ་མི་༤༠ ལྷགཔ་རེ་ ཐོན་དོ་ཡོད་རུང་ གཞུང་གི་སྨན་ཁང་ ལཱ་གཡོག་ས་སྟོང་༤ དང་༥ མ་གཏོགས་ ལེན་ནི་མེད་པའི་ཁར་ སྒེར་གྱི་སྨན་ཁང་ གཞི་བཙུགས་འབད་མ་ཆོག་ནི་དེ་གིས་ཨིན་མས།

སོའི་དྲུང་འཚོ་ཚུ་གིས་ རྒྱལ་ཁབ་ནང་ སྒེར་གྱི་སོ་བཅོས་ཁང་བཙུགས་ནིའི་དོན་ལུ་ བློན་ཆེན་ལུ་ གྲོས་འཆར་བཙུགས་ཡོདཔ་མ་ཚད་ གསོ་བ་ལྷན་ཁག་ལུ་ཡང་ ཞུ་བ་འབད་ཡོད་རུང་ ད་ལྟོ་ གནང་བ་ཐོབ་མི་ཐོབ་ཀྱི་ ལན་གསལ་ཅིག་ ག་ནི་ཡང་ མ་ཐོབ་པས། 

སོ་དང་འབྲེལ་བའི་ སྨན་བཅོས་འབད་ནི་དེ་ འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ ཟད་འགྲོ་ལྕི་དྲགས་གནསཔ་མ་ཚད་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་འབད་རུང་ སྤྱིར་བཏང་སོ་བཅོས་ཞབས་ཏོག་ལེན་ན་མ་གཏོགས་ སོ་ཚབ་བཙུགས་ནི་དང་ ལེགས་བཅོས་འབདཝ་ད་ འཐུས་སྤྲོད་དགོཔ་ལས་ སོའི་ཞབས་ཏོག་ག་ར་ རིན་མེད་སྟོང་པར་སྦེ་ མཁོ་སྤྲོད་འབད་ནི་མེདཔ་ཨིན།

གཞི་རྟེན་གྱི་ སྨན་བཅོས་ཞབས་ཏོག་དག་པ་ཅིག་ སྒེར་སྡེ་ལུ་ སྤྲོད་ཡོད་མི་དེ་གིས་ ཐིམ་ཕུག་སྨན་ཁང་ནང་ ཨུ་ཚུགས་བྱུང་མི་དེ་ དུམ་གྲ་ཅིག་ མར་བབས་སོང་ཡོད་པའི་ཁར་ རང་གིས་ཟད་འགྲོ་གཏང་ནི་གི་ ལྕོགས་གྲུབ་ཡོད་མི་ཚུ་གི་དོན་ལུ་ སྒེར་གྱི་སྨན་བཅོས་ཁང་ནང་ འགྱོ་ནི་གི་ གདམ་ཁ་ཡང་ འཐོབ་ཚུགས།

དེ་འབདཝ་ལས་ གསོ་བ་ལྷན་ཁག་གིས་ སྒེར་གྱི་སོ་བཅོས་ཁང་ གཞི་བཙུགས་འབད་ནི་གི་ མཁོ་གལ་ཡོད་མེད་ བལྟ་ནི་གི་ དུས་ཚོད་རན་ཡོདཔ་བཞིན་དུ་ གལ་སྲིད་ རྒྱལ་ཁབ་ནང་ སྒེར་གྱི་སོ་བཅོས་སྨན་ཁང་ གཞི་བཙུགས་འབད་བཅུག་པ་ཅིན་ མི་མང་ལུ་ གཞུང་དང་སྒེར་གྱི་སྨན་བཅོས་ཁང་གང་རུང་ནང་ འགྱོ་ནི་གི་ གདམ་ཁ་རྐྱབ་ཚུགས་ནི་དང་ དྲུང་འཚོའི་སློབ་སྦྱོང་འབད་མི་ཚུ་ལུ་ཡང་ ལཱ་གཡོག་གི་ གོ་སྐབས་འཐོབ་ཚུགས་ནི་ཨིན་མས།

ཨིན་རུང་ སྨན་བཅོས་ཀྱི་ སྤུས་ཚད་དང་ ཞབས་ཏོག་གི་ འཐུས་ཚུ་གི་ཐད་ལུ་ལྷོདཔ་ད་ གསོ་བ་ལྷན་ཁག་གིས་ ལྟ་རྟོག་དང་ དམ་འཛིན་འབད་དགོ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *