སྒེར་གྱི་གསར་ཤོག་ཚུ་ལས་ ཚོང་བསྒྲགས་ཀྱི་ རིན་བསྡུར་ལམ་ལུགས་ལུ་ ངོས་ལེན་མེདཔ།

༉ ལྷན་རྒྱས་གཞུང་ཚོགས་ཀྱིས་ སྒེར་གྱི་གསར་ཤོག་ཚུ་གི་ཐོག་ལས་ ཚོང་བསྒྲགས་འབད་ནིའི་དོན་ལུ་ རིན་བསྡུར་ལམ་ལུགས་ཅིག་ འགོ་བཙུགས་ནི་སྦེ་ གྲོས་ཐག་བཅད་མི་དེ་ལུ་ སྒེར་གྱི་གསར་ཤོག་ཇོ་བདག་ཚུ་གིས་ ཁས་ལེན་འབད་མ་བཏུབ་ཟེར་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

ན་ཧིང་ འབྲུག་གི་བརྡ་བརྒྱུད་ལས་ཁང་མཐུན་ཚོགས་དང་ འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ གནད་དོན་ཁག་༥ བཀོད་དེ་ ཞུ་བ་ཕུལ་བའི་ཤུལ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ སྤྱི་ཟླ་༡ པའི་ཚེས་༩ ལུ་ ཞལ་འཛོམས་འཚོགསཔ་ད་ སྒེར་སྡེ་གསར་ཤོག་ཚུ་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

བརྡ་བརྒྱུད་ལས་ཁང་མཐུན་ཚོགས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ལུ་ ཚོང་བསྒྲགས་ཚུ་ ད་ལྟོ་ ཀུན་གསལ་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ བྱིན་སྲོལ་ཡོད་མིའི་གུ་ སྒེར་གྱི་གསར་ཤོག་ཉུང་མཐའ་༤ ལུ་ གནང་དགོ་པའི་ ཞུ་ཡིག་ཕུལ་ནུག།

གཞུང་གིས་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་ལུ་ སྒེར་གྱི་གསར་ཤོག་ཚུ་ལུ་ ཚོང་བསྒྲགས་བྱིན་ནིའི་དོན་ལུ་ གསར་ཤོག་གི་ ཁྱབ་ཚད་དང་ རིན་གོང་དང་ ཡོངས་གྲགས་ཡོད་མི་ལ་སོགས་པ་ལུ་ གཞི་བཞག་སྟེ་ ཁྱད་ཆོས་ཅིག་ བཟོ་ཐོག་ལས་ རིན་བསྡུར་ལམ་ལུགས་ཅིག་ གཞི་བཙུགས་འབད་ནིའི་ འོས་འབབ་བལྟ་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།

ཐབས་ལམ་གཞན་དེ་ ལྷན་ཁག་གིས་ གསར་ཤོག་ལས་ཁང་ཚུ་ལས་ གོང་ཚད་ལེན་ཐོག་ལས་ ལས་སྡེ་གཞན་ཚུ་ལུ་སྤྲོད་དེ་ ཚོང་བསྒྲགས་ཀྱི་དོན་ལུ་ གདམ་ཁ་རྐྱབ་བཅུག་ནི་གི་ ལམ་ལུགས་ཡང་ བལྟ་དགོཔ་སྦེ་ འཛིན་སྐྱོང་བཀའ་རྒྱ་ནང་བཀོད་ནུག།

བརྡ་དོན་དང་ བརྡ་བརྒྱུད་ལས་ཁུངས་ཀྱི་མདོ་ཆེན་ རིན་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ ལྷན་ཁག་གིས་ མཁོ་སྒྲུབ་བཅའ་ཡིག་དང་འཁྲིལ་ཏེ་ རིན་བསྡུར་ལམ་ལུགས་ཅིག་ བཟོ་ཞིནམ་ལས་ སྒེར་གྱི་བརྡ་བརྒྱུད་ལས་ཁང་ཚུ་དང་ གྲོས་བསྟུན་ཞལ་འཛོམས་ འཚོགས་པའི་སྐབས་ ཁོང་མང་ཤོས་ཅིག་གིས་ར་ རིན་བསྡུར་ལམ་ལུགས་ལུ་ ངོས་ལེན་མ་འབད་ཟེར་ཨིན་པས།

གལ་སྲིད་ རིན་བསྡུར་ལམ་ལུགས་དེ་ནང་ གསར་ཤོག་བགོ་བཀྲམ་གྱི་ གྱངས་ཁ་དང་ ཁྱབ་ཚད་ཚུ་ འཁོད་དེ་ཡོདཔ་ལས་ དེ་ལུ་ ངོས་ལེན་འབད་ཡོད་པ་ཅིན་ ཚོང་བསྒྲགས་ཀྱི་གནས་སྟངས་དེ་ སྒེར་གྱི་གསར་ཤོག་ལས་ཁང་ཚུ་ལུ་ ལྷག་པར་དུ་ སྐྱོ་དྲགས་ཡར་སོཔ་འོང་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།

གནད་དོན་གཞན་༤ པོ་དེ་ སྐྱེད་ཆུང་བའི་ སྐྱིན་འགྲུལ་དང་ གསར་ཤོག་པར་སྐྲུན་གྱི་ཕབ་ཆག་ གཞུང་གིས་ སྒེར་གྱི་བརྡ་བརྒྱུད་ལུ་བྱིན་མི་ གྲོགས་རམ་མ་དངུལ་ ཡར་སེང་དང་ ཁྱད་རིག་གོང་འཕེལ་གྱི་དོན་ལུ་ བརྟན་རྩ་མ་དངུལ་ དེ་ལས་ འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་ཡུན་བརྟན་གནས་ནིའི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་དགོ་པའི་སྐོར་ ཞུ་བ་ཕུལ་ཡོདཔ་ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱིས་ ལོ་༢ ཀྱི་རིང་ལུ་ ཟླཝ་རེ་ནང་ མཐོ་ཤོས་ར་ གསར་ཤོག་༡,༠༠༠ པར་སྐྲུན་འབད་ནིའི་ རིན་དངུལ་བརྒྱ་ཆ་༥༠ རྒྱབ་སྐྱོར་གནང་ནི་དང་ ལོ་བསྟར་བཞིན་དུ་ གྲོགས་རམ་མ་དངུལ་ས་ཡ་༢.༧༢༥ རེ་ གནང་ནི་སྦེ་ གནང་བ་གྲུབ་ཡོད་མིའི་ཐད་ཁར་ དངུལ་རྩིས་ལྷན་ཁག་གིས་ འབྲུག་བརྡ་བརྒྱུད་གཞི་ཚོགས་ལུ་ པར་སྐྲུན་ལས་ཁང་གི་སྐོར་ ཐག་བཏོག་དགོ་པའི་ བཀའ་ཁྱབ་གནང་ནུག།

སྤྱི་ཟླ་༤ པའི་ཚེས་༥ ལུ་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲགོས་ཀརྨ་དཔལ་འབྱོར་གྱིས་ དངུལ་རྩིས་དྲུང་ཆེན་ལུ་ པར་སྐྲུན་གྱི་ཕབ་ཆག་ ལག་ལེན་འགོ་བཙུགས་དགོ་པའི་ ཡི་གུ་བཏང་ཡོདཔ་ཨིན་པས།

ད་རུང་ གཞུང་གིས་ གཞི་༡༢ པའི་ནང་ བརྡ་བརྒྱུད་ལས་ཁང་ཚུ་ནང་ མི་སྟོབས་གོང་འཕེལ་དང་ ནང་དོན་གྱི་ སྤུས་ཚད་ཡར་དྲག་གཏང་ཐབས་ལུ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༢ རེ་ བྱིན་ནི་གི་ གནང་བ་གྲུབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *