ཉམས་བཅོས་འབད་བའི་བསྒང་ཡོད་མི་ སྒང་གོ་ལ་ ཚོད་བསྲུ་བཙོང་ཁྱིམ།

སྒང་གོ་ལུ་ཚོད་བསྲེ་བཙོང་ཁྱིམ་ ཉམས་བཅོས་འབད་བའི་བསྒང་ཡོདཔ།

༉ ཨ་རྟག་འབད་བ་ཅིན་ སྒང་གོ་ལ་ཚོད་བསྲེ་བཙོང་ཁྱིམ་ནང་ ཉིན་བསྟར་བཞིན་དུ་ མི་༢༠ ལྷགཔ་ཅིག་གིས་ ཚོད་བསྲེ་བཙོང་མིའི་གྲས་ལས་ མང་ཤོས་ཅིག་ ཆ་གླིང་རྒེད་འོག་ནང་ལས་ཨིནམ་ད་ ད་རེས་ནངས་པར་ སོ་ནམ་པ་ཚུ་གིས་ མོང་སྒར་དང་ བུམ་ཐང་གི་ གཞུང་ལམ་བདའ་སྟེ་ ཚོད་བསྲེ་བཙོང་སྡོད་སར་མཐོང་མི་དེ་ཡང་ ཚོད་བསྲེ་བཙོང་སའི་ཁྱིམ་དེ་ ཉམས་བཅོས་འབད་བའི་བསྒང་ འབད་ནི་དེ་གིས་ཨིན་པས།

དེ་ཡང་ ཚོད་བསྲེ་བཙོང་སའི་ཁྱིམ་གྱི་མཐའ་བསྐོར་ལུ་ ན་ཧིང་ གནམ་བྱཱར་གྱི་ ཆར་ཤུགས་ལུ་བརྟེན་ གག་འགྲམ་བྱུང་སྟེ་ སོ་ནམ་པ་ཚུ་ ཟླཝ་དག་པ་ཅིག་གི་རིང་ ཚོད་བསྲེ་བཙོང་ནི་ལས་ བཀག་ཆ་འབད་བཞག་ཡོད་རུང་ ཐོན་སྐྱེད་བཙོང་སའི་ ས་ཁོངས་གཞན་མེད་མི་ལུ་བརྟེན་ འཕྲོ་མཐུད་དེ་ ད་ཚུན་ བཙོང་ཁྱིམ་དེ་ར་ ལག་ལེན་འཐབ་སྡོད་ཡོདཔ་ཨིན་པས།

ཨིན་རུང་ འཕྲལ་ཁམས་ཅིག་ཁར་ མོང་སྒར་ལུང་ཕྱོགས་ སོ་ནམ་ཚོང་འབྲེལ་ཡིག་ཚང་དང་ ཆ་གླིང་རྒེད་འོག་༢ མཉམ་འབྲེལ་ཐོག་ མ་དངུལ་རྒྱབ་སྐྱོར་འབད་ཐོག་ལས་ ཉམས་བཅོས་ཀྱི་ལཱ་ འགོ་བཙུགས་ཡོདཔ་ཨིན་པས།

ལུང་ཕྱོགས་སོ་ནམ་ཚོང་འབྲེལ་ཡིག་ཚང་ནང་ལས་ ཚོང་འབྲེལ་ལས་རོགས་འགོ་དཔོན་ ཊེག་བྷ་དུར་ཏ་མང་གིས་ སླབ་མིའི་ནང་ ཉམས་བཅོས་ཀྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༢ དེ་ཅིག་ གནས་དོ་ཡོད་མི་ལས་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་ཡིག་ཚང་དང་ རྒེད་འོག་གིས་ མ་དངུལ་༦༠༠,༠༠༠ རེ་བཏོན་ཐོག་ལས་ ལཱ་འབད་ནི་ལུ་ མོས་མཐུན་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ ཉམས་བཅོས་ཀྱི་ལཱ་དེ་ཡང་ བཙོང་ཁྱིམ་འོག་ལས་མར་ གྱང་རྩིག་ཚུ་ ཆརཔ་གིས་ གག་འགྲམ་སྦོམ་ཞུགས་མི་དེ་ བརྡལ་ཞིནམ་ལས་ ལོག་རྐྱབ་ཡོད་པའི་ཁར་ ཆ་གླིང་རྒེད་འོག་ཁ་ཐུག་ལུ་ མཐོ་ཚད་ཕིཊ་༥ དེ་ཅིག་འབད་མི་ གྱང་རྩིག་ཚུ་ རྐྱབ་དོ་ཡོདཔ་མ་ཚད་ ཁྱིམ་ཕྱེད་ཀ་ཅིག་ འཐིང་གཞི་ཨེན་ཏ་གི་ཚབ་ལུ་ རྩི་ས་བཏང་སྟེ་ སྒྲིང་སྒྲི་བཟོ་དོ་ཟེར་ཨིན་པས།

སོ་ནམ་འགོ་དཔོན་ཚུ་གིས་ འབད་བ་ཅིན་ ཉམས་བཅོས་ཀྱི་ལཱ་ཚུ་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ཚུགས་པའི་ འཆར་གཞི་ཡོད་ཟེར་ཨིན་པས།

སྒང་གོ་ལ་ཚོད་བསྲེ་བཙོང་ཁྱིམ་དེ་ ཆ་གླིང་རྒེད་འོག་གི་ མི་སེར་ཚུ་གིས་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་འགྲུལ་པ་ཚུ་ལུ་ སོ་ནམ་དང་ སྒོ་ནོར་ཐོན་སྐྱེད་ཚུ་བཙོང་སྟེ་ འོང་འབབ་ལེགས་ཤོམ་བཟོ་སའི་ ས་ཁོངས་ངོ་མ་ཅིག་ཨིན་པས།

གཏན་འཇགས་ཀྱི་ ཚོད་བསྲེ་བཙོང་ཁྱིམ་དེ་ སྤྱི་ལོ་༢༠༡༥ ལུ་ ཧེ་མ་ ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་གིས་ གནས་སྐབས་ཀྱི་ བཙོང་ཁྱིམ་རྐྱབ་ཡོད་པའི་ ས་ཁོངས་ནང་ མི་དབང་མངའ་ཞབས་ཀྱི་ བཀའ་རྒྱ་ལྟར་ རྒྱལ་པོའི་ཞིང་རྒྱལ་ཚབ་ཡིག་ཚང་གིས་ མ་དངུལ་གནང་ཐོག་ལས་ བཟོ་སྐྲུན་འབད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *