སྐྱེས་ལོ་༦༠ ཡན་ཆད་འབད་མི་༤༠༡ གིས་ རང་སོའི་ཁྱིམ་ནང་ལས་ ཚོགས་རྒྱན་བཙུགས་ནི།

༉ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ཁྲོམ་སྡེ་༣ གྱི་ ཁྲོམ་དཔོན་བཙག་འཐུའི་དོན་ལུ་ སྐྱེས་ལོ་༦༥ ཡན་ཆད་འབད་མི་༤༠༡ གིས་ ཨ་རྟག་བཟུམ་སྦེ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ འགྱོ་མ་དགོ་པར་ ཁོང་ར་སྡོད་སའི་ ཁྱིམ་ནང་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཆོག་ནི་ཨིན་པས།

རང་སྡོད་ས་ལས་ ཚོགས་རྒྱན་བཙུགས་ནི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ དང་༢༤ ལུ་ བཙག་འཐུ་འགོ་དཔོན་ཚུ་གིས་ འགོ་འདྲེན་འཐབ་འོང་ཟེར་ བཙག་འཐུ་གཙོ་འཛིན་འགོ་དཔོན་ ཕུརཔ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ནང་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་ལུ་ ནད་ཡམས་འཐོབ་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ མཁས་མཆོག་ཚུ་གིས་ སླབ་མི་ལུ་བརྟེན་ ཁོང་སྡོད་སར་ འགྱོ་ཞིནམ་ལས་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་བྱིན་ནི་དང་ དེ་བཟུམ་སྦེ་ དབང་པོ་ལུ་ ཐོ་ཕོག་མི་དང་ བཙོན་པ་ཚུ་གིས་ཡང་ ཚོགས་རྒྱན་བཙུགས་ཚུགས་ཟེར་ཨིན་པས།

རྒན་ཤོས་ལ་ལོ་ཅིག་གིས་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་ཟེར་ སླབ་མི་ཡང་ཡོདཔ་ལས་ ཁོང་རའི་དང་འདོད་དང་འཁྲིལ་ཏེ་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་ཕུལ་འོང་ཟེར་ ཕུརཔ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཁྲོམ་སྡེ་༣ གྱི་ ཁྲོམ་དཔོན་བཙག་འཐུའི་དོན་ལུ་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་གིས་ བཙག་འཐུ་ལྷན་ཚོགས་དང་ ཐོ་བཀོད་འབད་མི་དེ་ནང་ ཨམ་སྲུ་༢༢༠ དང་ ཕོ་སྐྱེས་༡༨༡ ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་མི་ དབང་པོ་སྐྱོན་ཅན་༤༩ ལས་ ཨམ་སྲུ་༢༤ དང་ཕོ་སྐྱེས་༢༥ དེ་ལས་ བཙོན་པ་༢༡ ལས་ ཨམ་སྲུ་༥ དང་ཕོ་སྐྱེས་༡༦ ཡོདཔ་ཨིན་པས།

འགྲེམ་ཐོག་ཚོགས་རྒྱན་བཙུགས་ནིའི་དོན་ལུ་ མི་༨༢༧ གྱིས་ ཐོ་བཀོད་འབད་མི་ལས་ ཨམ་སྲུ་༤༢༨ དང་ ཕོ་སྐྱེས་༣༩༩ ཕྱི་རྒྱལ་ཁབ་ནང་ ལཱ་འབད་མི་དང་ ཚོང་རྐྱབ་མི་ སྦྱོང་བརྡར་འབད་མི་ དཔེ་ཆ་ལྷབ་མི་བསྡོམས་མི་༢༤༤ ལས་ ཨམ་སྲུ་༡༣༦ དང་ ཕོ་སྐྱེས་༡༠༨ ཀྱིས་ ཐོ་བཀོད་འབད་ནུག།

འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་ མི་༡,༥༤༢ ཀྱིས་ ཐོ་བཀོད་འབད་མིའི་ནང་ ཨམ་སྲུ་༨༡༣ དང་ ཕོ་སྐྱེས་༧༢༩ ཡོདཔ་ཨིན་པས།

ཐིམ་ཕུག་ཁྲོམ་སྡེ་ལས་ མི་༨༤༨ ཀྱིས་ ཐོ་བཀོད་འབད་མི་ལས་ ཨམ་སྲུ་༤༣༧ དང་ ཕོ་སྐྱེས་༤༡༡ ཡོདཔ་ད་ ཕུན་ཚོགས་གླིང་ཁྲོམ་སྡེའི་དོན་ལུ་ ཐོ་བཀོད་འབད་མི་ མི་༢༣༠ ལས་ ཨམ་སྲུ་༡༢༢ དང་ ཕོ་སྐྱེས་༡༠༨ དེ་ལས་ དགེ་ལེགས་ཕུག་ཁྲོམ་སྡེའི་དོན་ལུ་ མི་༤༦༤ ལས་ ཨམ་སྲུ་༢༥༤ དང་ ཕོ་སྐྱེས་༢༡༠ ཡོདཔ་ཨིན་པས།

ཕྱིའི་རྒྱལ་ཁབ་༢༦ ལས་ འབྲུག་མི་༢༤༤ གིས་ བཙག་འཐུ་ལྷན་ཚོགས་དང་ ཐོ་བཀོད་འབད་མི་ལས་ མཐོ་ཤོས་ར་ ཨཱསི་ཊེ་ལི་ཡ་ལས་༡༤༢ དང་ རྒྱ་གར་ལས་༢༥ ཨེ་མི་རི་ཀ་ལས་ མི་༢༠ ཐའི་ལེནཌ་ལས་༡༡ ཀེ་ན་ཌ་ལས་༧ ཤྲི་ལངྐ་ལས་༦ ཀ་ཊར་ལས་༥ དེ་ལས་ ཡུ་ནའེ་ཊེཊ་ཨ་རབ་ ཨི་མི་རེཊསི་ སིངྒ་པུར་ ཕི་ལི་པིནསི་ ལྷོ་ཨཕ་རི་ཀ་ ཡུ་གཱན་ཌ་ སུ་དཱན་ ནེ་པཱལ་ མ་ལི་ ཀུ་ཝེཌ་ གྷ་ན་ ཕིན་ལེནཌ་ ཀིའུ་བ་ རྒྱ་ནག་ ཀེམ་བོ་ཌི་ཡ་ བང་ལ་དེཤ་ བྷ་རེན་ ཨཱསི་ཊི་ཡ་ དེ་ལས་ ས་མོ་ཡ་ཚུ་ཡང་ ཐོ་བཀོད་འབད་ནུག།

ཁྲོམ་སྡེ་༣ གྱི་གྲས་ལས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ར་ ཐིམ་ཕུག་ཁྲོམ་སྡེ་ནང་ཡོད་མི་དེ་ཡང་ མི་༨,༠༠༧ ཡོད་མི་ལས་ ཨམ་སྲུ་༤,༣༡༣ དང་ ཕོ་སྐྱེས་༣,༦༩༤ ཨིནམ་ད་ དགེ་ལེགས་ཕུག་ལུ་ ཚོགས་རྒྱན་སྐྱུར་མི་༡,༥༤༢ ཡོད་མིའི་ནང་ ཨམ་སྲུ་༧༦༥ དང་ ཕོ་སྐྱེས་༧༧༧ དེ་ལས་ ཕུན་ཚོགས་གླིང་ལུ་ ཚོགས་རྒྱན་སྐྱུར་མི་༩༣༢ ལས་ ཨམ་སྲུ་༤༦༩ དང་ ཕོ་སྐྱེས་༤༦༣ ཡོདཔ་ཨིན་པས།

ཁྲོམ་སྡེ་༣ ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་ མི་ངོ་༡༠,༤༨༡ གིས་ ཐོ་བཀོད་འབད་ཡོད་མི་ལས་ ཨམ་སྲུ་༥,༥༤༧ དང་ ཕོ་སྐྱེས་༤,༩༣༤ ཨིན་པས།

ཐིམ་ཕུག་ཁྲོམ་དཔོན་གྱི་དོན་ལུ་ འདེམས་ངོ་༣ གྱིས་ དོ་འགྲན་འབད་ནི་ཨིནམ་ད་ དེ་ཡང་ བདེ་ཆེན་ཆོས་གླིང་-རྟ་བབ་འདེམས་ཁོངས་ལས་ འདེམས་ངོ་བསོད་ནམས་རྡོ་རྗེ་དང་ འབྱུང་བཞི་ནང་-ཀ་ཝང་གྱང་ས་འདེམས་ཁོངས་ལས་ འདེམས་ངོ་ཨྱོན་རྡོ་རྗེ་ དེ་ལས་ ལྕང་བང་གྲུ་-བར་སྦིས་ས་འདེམས་ཁོངས་ལས་ འདེམས་ངོ་ཁྲོམ་དཔོན་བགྲེསཔ་ ཀུན་ལེགས་རྡོ་རྗེ་༣ ཨིན་པས།

ཕུན་ཚོགས་གླིང་ཁྲོམ་དཔོན་གྱི་དོན་ལུ་ འདེམས་ངོ་༤ གི་བར་ན་ དོ་འགྲན་འབད་ནི་ཨིནམ་ད་ དེ་ཡང་ རིན་ཆེན་ལྡིངས་འདེམས་ཁོངས་ལས་ ཀརྨ་དགེ་ལེགས་དང་ ཕུན་ཚོགས་གླིང་སྨད་འདེམས་ཁོངས་ལས་ ཨམ་སྲུ་ཆུང་ཀུ་ཟླ་བ་ གནས་བྲག་འདེམས་ཁོངས་ལས་ ཁྲོམ་དཔོན་བགྲེསཔ་ ཨུ་ཊར་ ཀུ་མར་རའེ་དང་ ཕུན་ཚོགས་གླིང་སྟོད་འདེམས་ཁོངས་ལས་ འདེམས་ངོ་དེ་བི་ཅ་རང་ ཌི་མཱལ་༤ ཨིན་པས།

དགེ་ལེགས་ཕུག་ཁྲོམ་དཔོན་གྱི་དོན་ལུ་ འཇམ་དཔལ་གླིང་འདེམས་ཁོངས་ཀྱི་འདེམས་ངོ་ ཁྲོམ་དཔོན་བགྲེསཔ་ ཊི་ཀ་རམ་ཀཱཕ་ལེ་དང་ བཀྲ་ཤིས་གླིང་འདེམས་ཁོངས་ཀྱི་ འདེམས་ངོ་ཚེ་རིང་ནོར་བུ་༢  ཀྱིས་ དོ་འགྲན་འབད་ནི་དང་ ཁྲོམ་སྡེའི་ཚོགས་པ་ཚུ་ཡང་ བཙག་འཐུ་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *