སྐྱེས་ལོ་༥ ལས་༡༡ བར་ན་འབད་མི་ ཨ་ལོ་ཚུ་ལུ་ ནད་བཀག་སྨན་ཁབ་ཐུན་ཚད་༣ པ་ འགོ་བཙུགས་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༡༩ ལས་ རྒྱལ་ཡོངས་ནང་ སྐྱེས་ལོ་༥ ལས་༡༡ བར་ན་འབད་མི་ ཨ་ལོ་ཚུ་ལུ་ ཀོ་བིཌ་-༡༩ འི་ ནད་བཀག་སྨན་ཁབ་ཐུན་ཚད་༣ པ་ འགོ་བཙུགས་ཡོདཔ་ཨིན་པས།

སྨན་ཁབ་བཙུགས་ནིའི་ ལས་རིམ་དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༢༠ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།

ད་རེས་ རྒྱལ་ཁབ་ནང་ སྐྱེས་ལོ་༥ ལས་༡༡ གི་བར་ན་འབད་མི་ ཨ་ལོ་ཡོངས་བསྡོམས་༨༣,༠༠༠ ལྷགཔ་ཅིག་ཡོདཔ་ད་ ལོ་ཚད་དེ་ནང་ཡོད་མི་ ཨ་ལོ་ཚུ་ལུ་ ནད་བཀག་སྨན་ཁབ་ཐུན་ཚད་༢ པ་དེ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ བཙུགས་ཡོདཔ་བཞིན་དུ་ ཁྱད་ཚད་ལྡན་པའི་ ཨ་ལོ་བརྒྱ་ཆ་༩༥ དེ་ཅིག་གིས་ སྨན་ཁབ་ཐོབ་ནུག།

གསོ་བ་ལྷན་ཁག་གིས་ ཨ་ལོ་ཚུ་ལུ་ ནད་བཀག་སྨན་ཁབ་ཐུན་ཚད་༣ པ་དེ་ རྒྱལ་ཡོངས་སྨན་ཁབ་ཐབས་རིག་བསླབ་སྟོན་སྡེ་ཚན་དང་ སྨན་རིགས་རྒྱུན་བཀོད་དབང་འཛིན་གྱིས་ གྲོས་འདེབས་དང་འཁྲིལ་ཏེ་ འགོ་འདྲེན་འཐབ་ཨིན་པས།

ལྷན་ཁག་དང་འཁྲིལ་བ་ཅིན་ ཀོ་བིཌ་-༡༩ འི་ནད་འབུབ་དེ་ དུས་རྒྱུན་དུ་ བསྒྱུར་བཅོས་འགྱོ་བའི་ཁར་ ཧེ་མར་ སྨན་ཁབ་བཙུགས་པའི་ ནུས་ཤུགས་ཉམས་འགྱོ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

སློབ་གྲྭའི་ཨ་ལོ་ཚུ་དང་ དགེ་སློང་ དེ་ལས་ ཨ་ནེམོ་ཚུ་ རང་སོའི་སློབ་གྲྭ་དང་ གྲྭ་ཚང་དང་ བཤད་གྲྭ་ཚུ་ནང་ སྨན་ཁབ་བཙུགས་དོ་ཡོད་རུང་ སྨན་ཁབ་འཕྲོ་བརླག་འགྱོ་ནི་ལས་ བཀག་ནིའི་དོན་ལུ་ སྨན་ཁབ་བཙུགས་སའི་ ས་ཁོངས་ག་རའི་ནང་ སྨན་ཁབ་བཙུགས་པར་འོང་མི་ ཉུང་མཐའ་མི་༨ དེ་ཅིག་ འོང་དགོ་ཟེར་ གསོ་བ་ལྷན་ཁག་གིས་ བཀོད་ཡོདཔ་ཨིན་པས།

སྨན་ཁབ་བཙུགས་པའི་ལས་རིམ་སྐབས་ སྐྱེས་ལོ་༥ ལང་མི་ ཨ་ལོ་ཚུ་ལུ་ སྨན་ཁབ་ཐུན་ཚད་དང་པ་ བྱིན་ནི་ཨིནམ་ད་ བདུན་ཕྲག་༨ ཀྱི་ཤུལ་ལས་ སྨན་ཁབ་ཐུན་ཚད་༢ པ་ བཙུགས་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།

སྨན་ཁབ་ཀྱིས་ ནད་འབུབ་འཐོབ་ནི་ལས་ བཀག་མི་ཚུགས་དོ་ཡོད་རུང་ ནད་འབུབ་ཐོབ་པའི་སྐབས་ ན་ཟུག་ཤུགས་སྦེ་རྐྱབ་ནི་ལས་ མར་ཕབ་འབད་བའི་ཁར་ སྨན་ཁང་ནང་འགྱོ་མ་དགོ་པའི་ ཁེ་ཕན་ཡོད་ཨིན་པས།གསོ་བ་ལྷན་ཁག་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ དུས་མཐུན་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ འདས་པའི་བདུན་ཕྲག་༡ གི་ནང་འཁོད་ལུ་ མི་གྲངས་༣༣༡ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོདཔ་ཨིན་པས།

ནད་ཡམས་ཐོབ་མི་ མཐོ་ཤོས་ར་ ཐིམ་ཕུག་ལུ་༡༣༠ དང་ སྤ་རོ་ལུ་༩ ཆུ་ཁ་ལུ་༤༡ བསམ་རྩེ་ལུ་༢༣ སྤུ་ན་ཁ་ལུ་༢༢ གསར་སྤང་ལུ་༡༦ བསམ་གྲུབ་ལྗོངས་མཁར་ལུ་༩ རྩི་རང་ལུ་༥ གཞལམ་སྒང་ལུ་༥ དེ་ལས་ དབང་འདུས་ཕོ་བྲང་ལུ་༡ ཨིན་པས།

ད་ལྟོ་ཚུན་ཚོད་ ཕོ་སྐྱེས་༣༣,༧༥༥ དང་ ཨམ་སྲུ་༢༧,༩༧༥ བརྩིས་ཏེ་ ཡོངས་བསྡོམས་མི་གྲངས་༦༡,༧༣༠ ལུ་ ནད་འབུབ་ཐོབ་མིའི་གྲས་ལས་༦༡,༥༦༤ ནད་གཞི་ལས་ དྲག་ཡོདཔ་བཞིན་དུ་ མི་༢༡ ལུ་ ཤི་རྐྱེན་བྱུང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *