༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་ལུ་ ད་རེས་ནངས་པར་ སྨྱོ་རྫས་ཅིག་ལུ་གྱུར་ཡོད་མི་ ཨེསི་པི་ པ་ལཱསི་དང་ བཀག་དམ་ཅན་གྱི་སྨྱོ་རྫས་ ཀེ་ན་བིས་འཆང་སྤྱོད་འབད་མི་ལུ་བརྟེན་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བར་ བཙུགས་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ སྤྱི་ཟླ་༦ པའི་ཚེས་༢༢ ལུ་བཙུགས་མི་ བཤེར་ཡིག་དང་འཁྲིལཝ་ད་ བསམ་རྩེ་རྫོང་ཁག་ རྣམ་རྒྱལ་ཆོས་གླིང་ལས་ སྐྱེས་ལོ་༢༦ ལང་མི་ བསྟན་འཛིན་འོད་ཟེར་གྱིས་ བཀག་དམ་ཅན་གྱི་སྨྱོ་རྫས་ ཨསི་པ་མོ་པོ་རོགས་སཱི་བོན་ནམ་ ཨེསི་པི་ཟེར་མི་སྨན་ཐུམ་ཁ་གྱངས་༢༤ དང་ ཀེ་བ་ནི་བིས་གཱ་རམ་༢.༢༨ འཆང་སྤྱོད་འབད་མི་ལུ་བརྟེན་ ཉེས་འཛུགས་ཁག་༢ འབད་ཡོདཔ་ཨིན་པས།
བཤེར་ཡིག་དང་འཁྲིལཝ་ད་ ཉེས་འཛུགས་ཅན་དེ་ སྤྱི་ཟླ་༥ པའི་ཚེས་༡༥ ལུ་ ཁྲིམས་སྲུང་འགག་པ་ལུ་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་ལས་ ཞིབ་དཔྱད་འབདཝ་ལས་ ཨོ་ལ་ཁ་ལུ་ཡོད་མི་ བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་རྙིངམ་གི་ ཉེ་འདབས་ལས་ ཉེས་འཛུགས་ཅན་དེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཉེས་འཛུགས་དང་འཁྲིལཝ་ད་ ཁོ་གིས་ ཞིབ་དཔྱད་འབད་མི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྨྱོ་རྫས་དེ་ཚུ་ ཁོ་གི་ནང་ལས་ བཙན་ལེན་འབད་ཡོད་པའི་ཁར་ གསོ་བའི་བརྟག་དཔྱད་འབད་རུང་ སྨྱོ་རྫས་དེ་ཚུ་ སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་ཨིན་པས།
དེ་མ་ཚད་ ཞིབ་དཔྱད་འབད་མི་ཚུ་གིས་ ཁོ་གིས་འཆང་སྤྱོད་འབད་མི་ སྨྱོ་རྫས་ཚུ་ ཌོག་ཊར་ཚུ་གིས་ གནང་བ་སྤྲོད་དེ་ ཟ་བཅུག་པའི་སྨན་མེན་པའི་ཁར་ འབྲུག་གི་ སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་༢༠༡༥ འི་ཟུར་དེབ་༧ པའི་ནང་ འཆང་སྤྱོད་འབད་ཆོག་པའི་ སྨན་གྱི་ཚད་གཞི་ལས་ ལྷག་སྟེ་འབག་ཡོདཔ་ལས་ བཅའ་ཁྲིམས་དེ་དང་འཁྲིལ་ དབྱེ་རིམ་གསུམ་པའི་བཙོན་ཁྲིམས་ དམའ་ཤོས་ལོ་༥ དང་ མཐོ་ཤོས་ལོ་༩ གི་འོག་རྒྱུ་ བཀལ་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
དེ་མ་ཚད་ སྨྱོ་རྫས་ཀེ་ན་བིས་དང་ དེ་ལས་བཟོ་བའི་རིགས་ཁྲིམས་འགལ་ཐོག་ལས་ འཆང་སྤྱོད་འབད་མི་ལུ་བརྟེན་ ད་རུང་ ཉེས་ཕྲའི་ཉེས་ཁྲིམས་ དམའ་ཤོས་ལོ་༡ དང་ མཐོ་ཤོས་ལོ་༣ གྱི་འོག་རྒྱུ་བཀལ་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་བའི་སྐབས་ ཉེས་འཛུགས་ཅན་གྱིས་ སྨྱོ་རྫས་དེ་ཚུ་ ངོ་མིང་པ་སངས་དབང་མོ་ཟེར་མི་ལས་ ཐོབ་ཅི་ཟེར་སླབ་ཡོད་རུང་ ཤུལ་ལས་ ཞིབ་དཔྱད་འབད་བའི་སྐབས་ མོ་ལས་ སྨྱོ་རྫས་ག་ནི་ཡང་ ཐོབ་མ་ཚུགསཔ་ལས་ ཁོ་གིས་སླབ་མི་ལུ་ ངོས་ལེན་འབད་ཐབས་མ་འབྱུང་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱི་ ངོ་ཚབ་ཀྱིས་ ཞུ་ཡིག་ནང་བཀོད་ནུག།
ཉེས་འཛུགས་ཅན་དེ་ སྤྱི་ཟླ་༥ པའི་ཚེས་༡༥ ལུ་ འཛིན་བཟུང་འབད་བའི་ཤུལ་ལས་ དོ་དམ་ནང་བཞག་ཡོདཔ་ད་ ཁོ་ར་ ལཱ་གཡོག་ག་ནི་ཡང་ མེདཔ་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།